གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྐུ་ཚུ་ ནང་འཁོད་ལས་ཐོབ་དོ་ཡོདཔ།

༧/༢༠༡༢

དྷརྨ་རིག་རྩལ་དང་ ལག་བཟོ་གིས་བཞེངས་མི་ གུ་རུ་རིན་པོ་ཆེའི་ སྐུ་འདྲ་དེ་ རིན་གོང་དངུལ་ཀྲམ་ས་ཡ་༢.༨ གནསཔ་ཨིན་པས།
༉ འབྲུག་རྒྱལ་ཁབ་འདི་ ཆོས་ལྡན་གྱི་ རྒྱལ་ཁབ་ཅིག་ཨིན་རུང་ སྐུ་འདྲ་སྦོམ་གྱི་རིགས་ཚུ་ རྒྱལ་ཁབ་ནང་ བཞེངས་མ་ཚུགསཔ་ལས་ ཕྱིའི་རྒྱལ་ཁབ་ཚུ་ལས་ ནང་འདྲེན་འབད་དོ་ཡོདཔ་ཨིན་པས།
དེ་འབདཝ་ད་ ཁ་ཙ་ ཐིམ་ཕུ་ལུ་ བཟོ་རིག་གི་ཉིནམ་ བརྩི་སྲུང་འབད་བའི་སྐབས་ལུ་ མི་མང་གིས་ སྟོན་པ་དང་ གུ་རུའི་སྐུ་འདྲ་སྦོམ་༢ མཇལ་ཚུགས་མི་དེ་ སྦྱིས་མེད་ནང་ལུ་ཡོད་པའི་ དྷརྨ་རིག་རྩལ་དང་ ལག་བཟོ་གིས་ བཞེངས་བཞེངསམ་ཨིན་པས།




མཐོ་ཚད་ཕིཊ་༧ འབད་མི་ གུ་རུའི་སྐུ་འདྲ་དང་ མཐོ་ཚད་ཕིཊ་༩.༥ འབད་མི་ སྟོན་པའི་སྐུ་འདྲ་དེ་ དྷརྨ་རིག་རྩལ་དང་ལག་བཟོ་གིས་ ཟངས་ལེབ་བརྡུངས་ཞིནམ་ལས་མཐུད་དེ་ བཞེངས་ཡོདཔ་ད་ བཟོ་རྣམ་དང་ སྤུས་ཚད་ཡང་ ལེགས་ཤོམ་ཡོདཔ་མ་ཚད་ ལྗིད་ལྕི་དྲགས་མེདཔ་ལས་ ཕར་ཚུར་སྐྱེལ་འདྲེན་འབདཝ་ད་ཡང་ བྱ་སྟབས་བདེ་ཏོག་ཏོ་ ཡོདཔ་ཨིན་པས།
དྷརྨ་རིག་རྩལ་དང་ལག་བཟོའི་ ལས་འགུལ་འགོ་འདྲེན་པ་ ཚེ་རིང་དངོས་གྲུབ་ཀྱིས་ སླབ་མིའི་ནང་ འབྲུག་ལུ་ ཧེ་མ་འབད་བ་ཅིན་ དེ་བཟུམ་མའི་ སྐུ་འདྲ་སྦོམ་གྱི་རིགས་ཚུ་ བཞེངས་མ་ཚུགས་ནི་དེ་གིས་ ཕྱིའི་རྒྱལ་ཁབ་ཚུ་ལས་ ནང་འདྲེན་འབད་ཡོདཔ་བཞིན་དུ་ རྒྱལ་ཁབ་ནང་ བཞེངས་ཡོད་པའི་ སྐུ་སྦོམ་ འགོ་དང་པ་ ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ བཟོ་རིག་གི་ཉིནམ་ བརྩི་སྲུང་ནང་ སྐུ་འདྲ་ཚུ་ གསལ་སྟོན་འབད་དགོ་མི་དེ་ཡང་ གཙོ་བོ་ར་ འབྲུག་མི་ཚུ་གིས་རྒྱུད་ལུ་ དེ་བཟུམ་མའི་ སྐུ་འདྲ་སྦོམ་ཚུ་ འབྲུག་ལུ་ཡང་ བཞེངས་ཚུགས་པའི་སྐོར་ལས་ བགོ་བརྡ་སྤེལ་ནིའི་དོན་ལུ་ཨིན་ཟེར་ཨིན་པས།
ཚེ་རིང་དངོས་གྲུབ་ཀྱིས་འབད་བ་ཅིན་ ད་ལྟོ་ཚུན་ དྷརྨ་རིག་རྩལ་དང་ལག་བཟོ་གིས་ སྐུ་སྦོམ་ཤོས་ར་ མཐོ་ཚད་ཕིཊ་༡༤ འབད་མི་ སྤྱན་རས་གཟིགས་ཀྱི་ སྐུ་ཅིག་བཞེངས་མི་དེ་ ད་རེས་ སྤུ་ན་ཁ་ ཝ་ལ་སྤོ་ཏོག་ལུ་ཡོད་པའི་ གསང་ཆེན་རྡོ་རྗེ་ལྷུན་གྲུབ་ལྷ་ཁང་ནང་ཡོདཔ་ད་ གཞན་ཡང་ མཐོ་ཚད་ཕིཊ་༣ ལས་༧ འབད་མི་ཚུ་ རྒྱལ་ཁབ་ཀྱི་ ས་གནས་ཁག་གི་ ལྷ་ཁང་དགོན་སྡེ་ཚུ་ནང་ ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ དྷརྨ་རིག་རྩལ་དང་ལག་བཟོ་གིས་ སྐུ་ཆུང་ཀུ་ཡང་ ལེ་ཤ་ཅིག་ར་ བཙོང་ཡོདཔ་མ་ཚད་ མཁོ་མངགས་འབད་མིའི་གྱངས་ཁ་ཡང་ ཡར་སེང་སོང་ཡི་ཟེར་ ཚེ་རིང་དངོས་གྲུབ་ཀྱིས་སླབ་ཨིན་པས།
ད་རེས་ནངས་པ་ དྷརྨ་རིག་རྩལ་དང་ལག་བཟོ་གིས་ སྟོན་པ་རྡོར་གདན་མའི་ལས་འགུལ་གྱིས་ མཁོ་མངགས་འབད་མི་ ཀུན་རས་རྣམ་པར་སྣང་མཛད་ཀྱི་ སྐུ་འདྲ་ཅིག་ བཞེངས་པའི་བསྒང་ཡོདཔ་ད་ སྐུ་འདྲ་དེ་ མཐོ་ཚད་ཕིཊ་༡༤ ཡོདཔ་ད་ འགྲོས་ཀྱིས་སྦེ་ འབྲུག་མི་ཚུ་གིས་ འབྲུག་ལུ་བཞེངས་མི་སྐུ་ཚུ་ ཉོ་སྒྲུབ་འབད་ནི་ལུ་ སེམས་ཤུགས་བསྐྱེད་བཅུག་ནི་ཨིན་པས།
ལས་འགུལ་འགོ་འདྲེན་པ་གིས་འབད་བ་ཅིན་ འབྲུག་མི་ཚུ་ལུ་ ལཱ་གཡོག་གི་གོ་སྐབས་ བྱིན་དོ་ཡོདཔ་མ་ཚད་ བཟོ་རིག་གི་ ལོ་རིམ་མཇུག་ནང་ལྷོད་མི་ སློབ་ཕྲུག་ཚུ་ལུ་ གནས་སྐབས་སློབ་སྦྱོང་གི་ གོ་སྐབས་ཚུ་བྱིན་དོ་ཟེར་ཨིན་པས།
ཚེ་རིང་དངོས་གྲུབ་ཀྱིས་འབད་བ་ཅིན་ ཧེ་མ་ འབྲུག་ལུ་ ཞལ་གསེར་སྒྲོན་མི་དང་ ཁེ་འབབ་ཅན་གྱི་ ལམ་ལུགས་ཐོག་ལས་ གསེར་ཚུ་ ཕྱེ་འཐག་ཤེས་མི་མེད་རུང་ འདས་པའི་ལོ་ཚུ་ནང་ ནེ་པཱལ་རྒྱལ་ཁབ་ལས་ སྐུ་བཞེངས་མི་ཚུ་ འབོ་ཞིནམ་ལས་ ལཱ་འབད་བཅུག་པའི་སྐབས་ འབྲུག་པའི་ལས་བྱེདཔ་ཚུ་གིས་ ལྷབ་སྦྱང་འབད་ཡོདཔ་ལས་ དེ་བཟུམ་མའི་ རིག་རྩལ་ཚུ་ཡང་ ཐོབ་སྟེ་ཡོད་ཟེར་ཨིན་པས།
ཀ་ཝང་བྱང་སའི་ བཟོ་རིག་༡༣ སློབ་སྦྱོང་སྤེལ་ཁང་གི་དབུ་འཛིན་ འཇིགས་མེད་རྡོ་རྗེ་གིས་འབད་བ་ཅིན་ ཉིནམ་དེ་ལུ་ རྒྱལ་ཁབ་ནང་ བཟོ་རིག་༡༣ གྱི་གྲས་ལས་ ལག་ལེན་ཐོག་ཡོད་མི་ བཟོ་རིག་༥ གི་ནང་ འགྲན་བསྡུར་ཅིག་ཡང་ འགོ་འདྲེན་འཐབ་ཡོདཔ་ད་ རྒྱལ་ཁ་ཐོབ་མི་ཚུ་གིས་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་༢,༥༠༠ རེ་ ཐོབ་ཡོདཔ་ཨིན་པས།
བཟོ་རིག་༡༣ གྱི་གྲས་ལས་ ད་རེས་ རྒྱལ་ཁབ་ནང་ ལག་ལེན་ཐོག་ཡོད་མི་ཚུ་ཡང་ ལྷ་བྲིས་དང་ པ་ཏྲ་ ཚེམ་འདྲུབ་ ཚེམ་བཟོ་ དེ་ལས་ འཇིམ་བཟོ་ཚུ་ཨིན་པས།
དེ་བཟུམ་སྦེ་ ད་རེས་ཁམས་ བུམ་ཐང་ལུ་ འགོ་འདྲེན་འཐབ་མི་ ལག་ཤེས་འགྲན་བསྡུར་ནང་ལས་ རྒྱལ་ཁ་ཐོབ་མི་ཚུ་ལུ་ཡང་ གསོལ་རས་དང་ ལག་ཁྱེར་ཚུ་ སྤྲོད་ཡོདཔ་ཨིན་པས།
འཇིགས་མེད་རྡོ་རྗེ་གིས་འབད་བ་ཅིན་ འགྲེམ་སྟོན་དེ་ ཉིནམ་༣ གྱི་དོན་ལུ་ འགོ་འདྲེན་འཐབ་ནི་སྦེ་ འཆར་གཞི་བརྩམས་ཡོདཔ་ཨིན་རུང་ མི་ལེ་ཤ་མ་འོང་པའི་ཁར་ ཆརཔ་རྐྱབ་ནི་དེ་གིས་ ཁ་ཙ་ར་ མཇུག་བསྡུ་དགོཔ་ཐོན་ཡི་ཟེར་ཨིན་པས།
དྷརྨ་རིག་རྩལ་དང་ལག་བཟོ་དེ་ཡང་ སྤྱི་ལོ་༢༠༠༧ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བཀའ་རྒྱ་གནང་མི་དང་འཁྲིལ་ཏེ་ གཞི་བཙུགས་འབད་ཡོདཔ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment