གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འདེམས་ངོ་འཇིགས་མེད་བཟང་པོ་གིས་ སྒོ་བཤལ་བསྐུལ་བསྒྲགས་ འགོ་བཙུགས་ཡོདཔ།

༢༧/༦/༢༠༡༣   ༉ མོང་སྒར་རྫོང་ཁག་ ཙཀླིང་རྒེད་འོག་ ཧོ་རོང་གཡུས་ཚན་ལས་ སྐྱེས་ལོ་༤༥ ལང་མི་ ཨྱོན་དེ་ ཁ་ཙ་ཉིན་མ་ ལྕང་ལཱ་རྐྱབ་ས་ལས་ ཕྱི་རུ་ ཁྱིམ་ནང་ལོག་འོང་བའི་སྐབས་ལུ་ མོ་གི་ སྒོ་གི་བསྣལ་ལྕགས་གུ་ པར་༢ སྦྱར་བཞག་ཡོདཔ་མཐོང་བའི་སྐབས་ལུ་ ཚར་ཅིག་ རྣམ་རྟོག་ལང་དགོཔ་བྱུང་ཡོདཔ་ཨིན་པས།
འཇིགས་མེད་བཟང་པོ་གིས་ ཆར་པའི་ནང་ ལྕང་ལཱ་རྐྱབ་ས་ལས་ཕར་ གཡུས་བཤལ་རྐྱབ་སྟེ་ གསལ་བསྒྲགས་འབད་བའི་བསྒང་།


ཨིན་རུང་ མོ་གིས་ ཁྱིམ་ཚང་ཚུ་ལུ་ དྲིས་ལྟ་བའི་བསྒང་ལས་ རྣམ་རྟོག་ལང་མི་དང་ འདྲོག་བྱེལ་འཐབ་ནི་ སངས་ཡོད་མི་དེ་ཡང་ མི་སེར་དམངས་གཙོ་ཚོགས་པའི་ མོང་སྒར་ འདེམས་ངོ་ འཇིགས་མེད་བཟང་པོ་གིས་ པར་བཙུགས་བཞག་ཡོདཔ་ད་ ཁོ་གིས་ ཁ་ཙ་ ཙཀླིང་རྒེད་འོག་ནང་ སྒོ་བཤལ་རྐྱབ་སྟེ་ ཁས་བླངས་གསལ་བསྒྲགས་ འགོ་བཙུགས་ཡོད་མི་ལུ་བརྟེན་ཨིན་པས།
ད་རེ་ས་ནངས་པ་ མོང་སྒར་རྫོང་ཁག་བཟུམ་ཅིག་ནང་འབད་བ་ཅིན་ སོ་ནམ་པ་ཚུ་ ལྕང་ལཱ་གིས་འུར་ཟིང་ལང་པའི་ དུས་ཚོད་ཅིག་ཨིནམ་མ་ཚད་ ལོ་ཐོག་ གེ་ཟ་ཚུ་ སྤྱ་ལས་སྲུང་དགོ་པའི་ དུས་ཚོད་ཅིག་ཨིནམ་ལས་ མི་སེར་ཁྱིམ་ནང་སྡོད་མི་ རེ་༢ མ་གཏོགས་ མང་ཤོས་ར་ སྒོ་བསྡམས་ཏེ་ ལཱ་སར་འགྱོ་དོ་ཡོདཔ་ཨིན་པས།
ཨིན་རུང་ འདེམས་ངོ་གིས་ ཚོགས་རྒྱན་འཐོབ་ནིའི་དོན་ལུ་ མི་ག་ཏེ་མཐོང་སར་ ཆརཔ་ག་དེམ་ཅིག་རྐྱབ་རུང་ ཚེར་སྣང་མ་བསྐྱེད་པར་ རྐང་སྟོང་སྦེ་ མི་དང་ཕྱད་པར་འགྱོ་དོ་ཡོདཔ་ད་ ཁོ་གིས་ མི་ཚུ་ ལྕང་ལཱ་རྐྱབ་སར་དང་ སྤྱ་སྲུང་སྡོད་ས་ དེ་ལས་ ནོར་རྫིཔ་སྦེ་ སྡོད་མི་ཚུ་དང་ཡང་ཕྱད་དེ་ ཁོ་རའི་པར་ཚུ་ བཀྲམ་སྤེལ་འབད་དོ་ཡོདཔ་ཨིན་པས།
ཁོ་གིས་ སྒོ་ལྡེ་མིག་རྐྱབ་སྟེ་ཡོད་མིའི་ཁྱིམ་ཚུ་ནང་འབད་རུང་ སྒོའི་བསྣལ་ལྕགས་གུ་ ཁོ་རའི་ པར་བཀལ་བཞག་ཐོག་ལས་ སྒོ་ཁ་ལུ་ ནངས་པར་གནང་ཚེས་ ཚོགས་རྒྱན་གྱི་ཉིནམ་ལུ་ ཚོགས་རྒྱན་བཙུགས་པར་བྱོན་གནང་ཟེར་ སླབ་ཐོག་ལས་ ཁྱིམ་བཤལ་རྐྱབ་སྟེ་ འགྱོ་དོ་ཡོདཔ་ཨིན་པས།
ཁོ་གིས་ ད་རེས་ནངས་པ་ ཙཀླིང་རྒེད་འོག་ནང་ ཁས་བླངས་གསལ་བསྒྲགས་ཚུ་ འབད་སར་མཐོང་མི་དེ་ཡང་ ཙཀླིང་རྒེད་འོག་དེ་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཀརྨ་ལྷ་མོའི་ གཡུས་ཨིནམ་ལས་ གཡུས་ཚན་དེ་ནང་གི་མི་སེར་ཚུ་གིས་ ཀརྨ་ལྷ་མོ་ལུ་ རྒྱབ་སྐྱོར་མ་གཏོགས་ ཚོགས་པ་གཞན་ལུ་ རྒྱབ་སྐྱོར་མེདཔ་ལས་ འགོ་ཐོག་བཙག་འཐུའི་སྐབས་ལུ་ཡང་ འཇིགས་མེད་བཟང་པོ་དེ་ ཕམ་ཡོདཔ་ཨིན་པས།
འགོ་ཐོག་བཙག་འཐུའི་སྐབས་ལུ་ ཙཀླིང་རྒེད་འོག་གི་མ་ཚད་ ཆ་གླིང་དང་ རྩ་མང་རྒེད་འོག་ཚུ་ནང་ལས་ཡང་ ཕམ་སོཔ་ལས་ རྒེད་འོག་དེ་ནང་གི་ མི་སེར་ཚུ་དང་ཕྱད་ནིའི་ དུས་ཚོད་ཐེབས་ལེན་དོ་ཡོདཔ་ཨིན་རུང་ ཙཀླིང་རྒེད་འོག་གི་ མི་སེར་མང་ཤོས་ཅིག་གིས་ སླབ་མིའི་ནང་ ཁོང་གི་ཚོགས་རྒྱན་དེ་ ག་ལུ་བཙུགས་ནི་ཨིན་ན་ སེམས་ཐག་བཅད་ཚར་ཡི་ཟེར་ཨིན་པས།
མི་སེར་ཚུ་གིས་ སྤྱིར་བཏང་བཙག་འཐུའི་སྐབས་ལུ་ ཚོགས་རྒྱན་ག་ལུ་བཙུགས་ཡོད་རུང་ ད་རེས་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ འཇིགས་མེད་བཟང་པོ་གིས་ གཡུས་བཤལ་རྐྱབ་སྟེ་ ཁས་བླངས་འབད་བའི་སྐབས་ལུ་ མི་སེར་ཚུ་གིས་འབད་རུང་  ཁོ་གིས་སླབ་མི་ལུ་ ངོས་ལེན་ལེགས་ཤོམ་འབད་དོ་ཡོདཔ་ཨིན་པས།
ཁོ་རའི་ཚོགས་པའི་ ཁས་བླངས་གསལ་བསྒྲགས་ཚུ་ ཧེ་མ་ལས་ མི་སེར་ཚུ་ལུ་ གོ་བརྡ་སྤྲོད་ཡོདཔ་ལས་ ད་ལས་ཕར་ མི་སེར་ཚུ་གིས་ རྒྱལ་ཁབ་དང་ མི་སེར་ཚུ་ལུ་ཕན་ཐོགས་ཚུགས་པའི་ འདེམས་ངོ་དང་ ཚོགས་པ་ལུ་ རྒྱབ་སྐྱོར་གནང་དགོ་ཟེར་ སླབ་ཨིན་པས།
སོ་ནམ་པ་ ཨྱོན་གྱིས་འབད་རུང་ མི་སེར་མང་ཤོས་ཅིག་གིས་ ཚོགས་རྒྱན་གྱི་སེམས་ཐག་དེ་ བཅད་ཚར་ནུག་ཟེར་ཨིན་རུང་ མི་སེར་ལ་ལུ་ཅིག་གིས་ འཇིགས་མེད་བཟང་པོ་ལུ་ལྟ་སྟེ་ ཚོགས་རྒྱན་གྱི་རྒྱབ་སྐྱོར་ཡོད་ཟེར་ སླབ་པའི་སྐབས་ལུ་ འདེམས་ངོ་ ཁོ་ར་ཡང་ སེམས་དགའ་སྟེ་ ཁོ་རའི་ཚོགས་པ་ཚུ་ལུ་ ཚོགས་རྒྱན་འཐོབ་ནིའི་གོ་སྐབས་འདུག་ཟེར་ དགོད་བྲའི་ཐོག་ལས་ སླབ་དོ་ཡོདཔ་ཨིན་པས།
ཙཀླིང་ལས་ སོ་ནམ་པ་ རྡོ་རྗེ་གིས་ སླབ་མིའི་ནང་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཀརྨ་ལྷ་མོ་གིས་ མི་སེར་ཚུ་ལུ་ རྩ་འགེངས་ཏེ་ ཕྱག་ཞུ་ཡོདཔ་མ་ཚད་ ད་ལས་ཕར་ འདས་པའི་ལོ་ལྔ་གི་ཉམས་མྱོང་ཚུ་ མོ་གིས་ ལེགས་ཤོམ་སྦེ་ལག་ལེན་འཐབ་སྟེ་ མི་སེར་ཚུ་ལུ་ ཕྱག་ཕྱིད་ཞུ་ཚུགས་ནི་ཨིནམ་ལས་ ད་རུང་ ལོ་༥ འི་ དོན་ལུ་ ཚོགས་རྒྱན་གྱི་རྒྱབ་སྐྱོར་དེ་ མོ་ལུ་ར་ཡོད་ཟེར་ཨིན་པས།
གཏོར་མ་གཞོང་གཡུས་ཚན་ལས་ སོ་ནམ་པ་ལ་ལུ་ཅིག་གིས་ བསམ་འཆར་ལས་འབད་བ་ཅིན་ འཇིགས་མེད་བཟང་པོ་གིས་ རྫོང་བདག་སྦེ་ཕྱག་ཞུ་ཡོདཔ་མ་ཚད་ དྲང་དཔོན་སྦེ་ཡང་ ཕྱག་ཞུ་ཡོདཔ་ལས་ མི་སེར་ཚུ་ལུ་ ཕྱག་ཞུ་ནི་དེ་ ཁོ་དྲག་ནི་བཟུམ་ཅིག་ཡོདཔ་ལས་ གཡུས་ཚན་དེ་ནང་གི་མི་སེར་ ལ་ལུ་ཅིག་གིས་ མི་སེར་དམངས་གཙོ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་ནི་སྦེ་ ཡོད་ཟེར་ཨིན་པས།
འདས་པའི་ འགོ་ཐོག་བཙག་འཐུ་གི་གྲུབ་འབྲས་ལུ་ལྟ་བ་ཅིན་ ཙཀླིང་རྒེད་འོག་གི་ མི་སེར་ཚུ་ འབྲུག་ཕུན་སུམ་ཚོགས་ལུ་ རྒྱབ་སྐྱོར་འབད་ནི་ཨིནམ་ལས་ འཇིགས་མེད་བཟང་པོ་གིས་ ཧེ་མ་ ཙཀླིང་རྒེད་འོག་གི་ ཤེས་རབ་ཆོས་གླིང་ སློབ་གྲྭའི་ ཚོགས་རྒྱན་ས་ཁོངས་ནང་ལས་ ཚོགས་རྒྱན་ཕུད་རྡོག་༡ ཡང་ འཐོབ་མ་ཚུགས་མི་ལུ་བརྟེན་ ད་རིས་ཉིན་མ་ སྒོ་བཤལ་གྱི་བསྐུལ་བསྒྲགས་དེ་ ས་ཁོངས་དེ་ནང་གི་ མི་སེར་ཚུ་དང་གཅིག་ཁར་ འབད་ནི་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment