གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཆང་དང་ལྟོ་བྱིན་མི་ལུ་ ཉེན་བརྡ་འབད་ཡོདཔ།

༡༩/༦/༢༠༡༣   ༉ སྤྱི་ཟླ་༦ པའི་ཚེས་༡༢ ལུ་ བསམ་རྩེ་ལུ་ འབྲུག་ཕུན་སུམ་ཚོགས་པའི་ འཛོམས་འདུ་ཚོགས་པའི་སྐབས་ མི་སེར་ལ་ལུ་ཅིག་ལུ་ ཆང་དང་ བཞེས་སྒོ་བྱིན་མི་ལུ་བརྟེན་ རྫོང་ཁག་བཙག་འཐུའི་ རྩོད་རྙོགས་སེལ་ཐབས་ཚོགས་ཆུང་གིས་ འབྲུག་ཕུན་སུམ་ཚོགས་པའི་ བཀྲིས་གླིང་འདེམས་ཁོངས་ཀྱི་འདེམས་ངོ་ དུར་ཁ་ པར་སཱད་ ཆེ་ཏི་རི་དང་ བསྟན་འབྲུ་རྒེད་འོག་ ཀུན་ཅིང་ཊཱར་སྤྱི་འོག་གི་ ཚོགས་པའི་འགོ་འདྲེན་པ་ལུ་ ཉེན་བརྡ་འབད་ཡོདཔ་ཨིན་པས།


དེ་ཡང་ སྤྱི་ཟླ་༦ པའི་ཚེས་༡༣ ལུ་ འབྲུག་སྤྱིར་དབང་ཚོགས་པའི་ འདེམས་ངོ་བགྲེསཔ་ ཉི་མ་འབྲུག་པ་གིས་ རྫོང་ཁག་བཙག་འཐུའི་ རྩོད་རྙོགས་སེལ་ཐབས་ཚོགས་ཆུང་ལུ་ ཉོགས་བཤད་ཡི་གུ་བཙུགས་ཡོདཔ་ཨིན་པས།
ཉི་མ་འབྲུག་པ་ཁོ་ར་ཡང་ བཀྲིས་གླིང་འདེམས་ཁོངས་ལས་ འགོ་ཐོག་བཙག་འཐུ་ནང་ བཅའ་མར་གཏོགས་ཡོདཔ་ཨིན་པས།
རྫོང་ཁག་བཙག་འཐུའི་ རྩོད་རྙོགས་སེལ་ཐབས་ཚོགས་ཆུང་གི་ སྙན་ཞུ་དང་འཁྲིལཝ་ད་ ཉིན་མའི་ལྟོ་དེ་ དུར་ག་ པར་སཱད་ཀྱིས་ བྱིན་བྱིནམ་མེན་པར་ ཁོ་ར་ ཞལ་འཛོམས་མཇུག་བསྡུ་ཞིནམ་ལས་ འགྱོ་ཚར་བའི་ཤུལ་ལས་ ཀུན་ཅི་ཊཱར་སྤྱི་འོག་གི་ ཚོགས་པའི་འགོ་འདྲེན་པ་གིས་ གཡུས་མི་ཚུ་ལུ་ བྱིན་ནུག་ཟེར་ཨིན་པས།
རྩོད་རྙོགས་སེལ་ཐབས་ཚོགས་ཆུང་གིས་ ཀུན་ཅི་ཊར་སྤྱི་འོག་གི་ ཚོགས་པའི་འགོ་འདྲེན་པ་ལུ་ དེ་བཟུམ་མའི་ བྱ་ངན་དེ་ མ་འོངས་པ་ལུ་ འབད་ནི་མི་འོང་ཟེར་ ཉེན་བརྡ་བྱིན་ཡོདཔ་ཨིན་པས།
རྩོད་རྙོགས་སེལ་ཐབས་ཚོགས་ཆུང་གི་ འགོ་དཔོན་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ དེ་བཟུམ་མའི་ ལམ་ལུགས་དང་མ་འཁྲིལ་བའི་ལཱ་དེ་ མ་འོངས་པ་ལུ་མི་འབད་ཟེར་ དུར་ག་ པར་སཱད་ཀྱིས་ ཁ་བཟེད་ཡོདཔ་མ་ཚད་ ཤུལ་ལས་ དེ་བཟུམ་འབད་བ་ཅིན་ ཉེན་ཁ་ཁོ་ར་གིས་འབག་ནི་ཟེར་ སླབ་དེས་ཟེར་ཨིན་པས།
སྙན་ཞུ་དང་འཁྲིལཝ་ད་ ཞལ་འཛོམས་ནང་ ཚོགས་པ་ལུ་ རྒྱབ་སྐྱོར་འབད་མི་དང་ འགོ་འདྲེན་པ་བསྡོམས་ཏེ་ མི་སེར་༥༥ གིས་ འབྲེལ་གཏོགས་འབད་མིའི་ནང་ལས་༣༥ གིས་ ཉིན་མའི་ལྟོ་ཟ་ནུག་ཟེར་ཨིན་པས།
བརྒྱུད་འཕྲིན་ཐོག་ལས་ དུར་ག་ པར་སཱད་དང་གཅིག་ཁར་ དྲི་བ་བཀོད་པའི་ལན་ལུ་ ཞལ་འཛོམས་འཚོགས་དགོ་པའི་དམིགས་ཡུལ་དེ་ར་ བཙག་འཐུ་གི་སྐབས་ འབད་བཏུབ་ག་ཅི་ཨིན་ན་དང་ མ་བཏུབ་ག་ཅི་ཨིན་ནའི་སྐོར་ལས་ མི་སེར་ལུ་ བཤད་བྱིན་བྱིནམ་ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ མི་སེར་ཚུ་ལུ་ ཉིན་མའི་ལྟོ་བྱིན་པའི་སྐོར་ལས་ ཁོ་གིས་ ཤེས་ར་མི་ཤེས་ཟེར་ཨིན་རུང་ ཚོགས་པ་ནང་ ལཱ་འབད་མི་ཚུ་གི་དོན་ལས་ ཉིན་མའི་ལྟོ་གྲ་སྒྲིག་འབད་དེ་ཡོད་ཟེར་ སླབ་པའི་སྐབས་ ཁོ་གིས་ ཚོགས་པའི་དོན་ལས་ ལཱ་འབད་མི་རྐྱངམ་གཅིག་མ་གཏོགས་ གཞན་མི་ཚུ་ལུ་ བྱིན་མ་ཆོག་པའི་སྐོར་ལས་ ལེགས་ཤོམ་སྦེ་ སླབ་ཞིནམ་ལས་ སོང་ཡི་ཟེར་ཨིན་པས།
ཉོགས་བཤད་བཀོད་མི་ ཉི་མ་འབྲུག་པ་གིས་ བཤད་མི་དང་འཁྲིལཝ་ད་ ཁོ་གིས་ མི་སེར་ལ་ལུ་ཅིག་ལུ་ ཆང་བྱིན་ཡོདཔ་ ཤེས་ཞིནམ་ལས་ ཉོགས་བཤད་བཀོད་ཅི་ཟེར་ཨིན་པས།
དེ་ཡང་ འབྲུག་རྒྱལ་ཁབ་ཀྱི་ མི་སེར་ཅིག་འབད་ནི་དེ་གིས་ རྒྱལ་ཁབ་ལུ་ ཤ་ཚ་སྟེ་ ཉོགས་བཤད་བཙུགས་ཡོདཔ་མ་གཏོགས་ ཁོ་གིས་ འདེམས་ངོ་ལུ་ ངལ་མ་རངསམ་ག་ནི་ཡང་ མེད་ཟེར་ཨིནམ་མ་ཚད་ བྱ་ངན་དེ་ འབྲུག་ཕུན་སུམ་ཚོགས་པ་རྐྱངམ་གཅིག་མེན་པར་ མི་སེར་དམངས་གཙོ་ཚོགས་པའི་ འདེམས་ངོ་ཅིག་འབད་རུང་ ཁོ་གིས་ ཉོགས་བཤད་དེ་ ཅོག་འཐདཔ་སྦེ་ར་ བཀོད་བཀོདཔ་འོང་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

1 comment:

  1. འབྲུག་གི་གཙག་འཐུ་ཐེངས་གཉིས་པའི་ འུར་འབྱེལ་ཚར་གཉིས་འཐབ་པའི་བསྒང་ལས་ང་བཅས་མི་སེར་ཚུ་ཡང་ བཟི་ཐོབ་ཐོབ་རང་ཐལཝ་ཨིན་པས། ངེ་གི་བསམ་འཆར་ལས་འབ་དབ་ཅིན་ ད་རེས་འ་ནིམ་ཁར་ ཁྱེད་ཚོགས་པ་ཚུ་གི་ ཁས་བླངས་གསལ་བསྒྲགས་ཚུ་ མི་སེར་ལུ་ གོ་བརྡ་འཕྲོད་ཏོག་ཏོག་འབད་གསལ་བཤད་འབད་ནི་མ་གཏོགས་ ཚོགས་པ་གཅིག་གིས་གཅིག་ལུ་ ས་ག་ཏེ་འགྱོ་སར་ཁ་གཏང་མི་འདི་ ང་བཅས་མི་སེར་ཚུ་གི་གདོང་ཁར་ལེགས་ཤོམ་ཅིག་འབད་ཙ་ལས་མི་མཐོང་པས་ཟེར་ཞུ་ནི་ཨིན། དེ་མ་ཚད་བློ་ཡང་གཏད་མ་ཚུགསཔ་ཐལ་དོ་ཟེར་ཞུ་ནི་ཨིན།

    དེ་དང་གཅིག་ཁར་ རང་སོའི་དེམས་ཁོངས་ཀྱི་ངོ་ཚབ་ ཚོགས་པ་རེ་བཙུག་སྲོལ་ཡོད་མི་འདི་གིས་ཡང་ མི་སེར་དང་སགནས་བར་ན་ཉེ་རིང་སྦོམ་སྦེ་ཕྱེ་སྟེ་ བྲེང་ཟིང་སྦོམ་སྦེ་བྱུང་སར་མཐོང་ཅི། གལ་སྲིད་ གཞུང་སྐྱོང་འདི་ མི་སེར་དམག་གཙོ་ཚོགས་པ་གིས་ཐོབ་པ་ཅིན་་་་འབྲུག་ཕུན་སུམ་ཚོགས་པའི་ དེམས་ངོ་ངོ་ཚབ་ཚོགས་པ་ཚུ་ལུ་ སྐྱིད་སྡུག་མི་ཐོབ་ནི་བཟུམ་དང་ དེ་བཟུམ་སྦེ་ གཞུང་སྐྱོང་འབྲུག་ཕུན་སུམ་ཚོགས་པ་གིས་ཐོབ་ཅིན་་་་་་དེ་བཟུམ་སྦེ་ར་བྱུང་ནིའི་ཇེན་ཁག་སྦོམ་ར་འདུག།

    འདི་བཟུམ་གྱི་ལུགས་སྲོལ་འདི་ ཙ་བ་ལས་མེདཔ་འབད་བཟོ་བ་བ་ཅིན་ གསང་བའི་ཚོགས་རྒྱན་ངོ་མ་ལུ་བསྒྱུར་ནི་ཨིན་པས་ཟེར་ཞུ་ནི་ཨནི།

    ReplyDelete