གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོམ་སྒྲིག་པའི་སྣང་འཆར།

༢༨/༦/༢༠༡༣   མི་ངོ་སོའི་ཐོབ་དབང་ལུ་ བརྩི་མཐོང་བསྐྱེད་དགོཔ།
༉ འབྲུག་གི་རྩ་ཁྲིམས་ཆེན་མོ་གིས་ འབྲུག་པའི་མི་སེར་ཡོངས་ལུ་ གཞི་རྟེན་ཐོབ་དབང་ཚུ་ མ་བཏུབ་བཏུབ་སྦེ་ གནང་ཡོདཔ་མ་ཚད་ འདི་དང་བསྟུན་པའི་ གཞི་རྟེན་འགན་ཁུར་ཚུ་ གནང་མི་དེ་ དམངས་གཙོའི་རིང་ལུགས་ཀྱི་ ཐོབ་དབང་ཅིག་ཨིན་མས།


འདི་འབད་བ་ལུ་བརྟེན་ ད་རེས་ནངས་པ་ མི་ཚུ་གིས་ མི་སྡེའི་བརྡ་བརྒྱུད་ནང་ལས་ཕར་ འདྲོག་འཇིགས་དང་ སྦ་གསང་མེད་པར་ གསལ་བཀོད་འབད་མི་དེ་ འབྲུག་པའི་མི་སེར་ལུ་ ཁ་སླབ་དང་ བསམ་འཆར་ གསལ་སྟོན་འབད་ནི་ཚུ་གི་ དལ་དབང་ལུ་ ཐོབ་དབང་ཡོད་ནི་དེ་གིས་ཨིན་མས།
རྩ་ཁྲིམས་ཀྱིས་གནང་མི་ ཐོབ་དབང་དང་ དལ་དབང་ཚུ་གི་གྲས་ལས་ རྩ་ཆེ་ཤོས་ར་ འབྲུག་པའི་མི་སེར་ཡོངས་ལུ་ ཚོགས་རྒྱན་བསྐྱུར་ནིའི་ ཐོབ་དབང་དེ་ཨིན་རུང་ ད་རེས་ནངས་པ་ སྤྱི་ཚོགས་གཉིས་པའི་ རྒྱལ་ཡོངས་ཚོགས་འདུའི་ སྤྱིར་བཏང་བཙག་འཐུའི་སྐབས་ རང་སོའི་ཐོབ་དབང་བསྟར་སྤྱོད་འབད་ནིའི་དོན་ལུ་ མི་སེར་ཚུ་ སྤྲོ་སྣང་དང་བཅསཔ་སྦེ་ སྒུགཔ་ཨིན་མས།
འདི་འབདཝ་ད་ རྒྱལ་ཁབ་འདི་ དམངས་གཙོའི་རིང་ལུགས་ཀྱི་ ལམ་ཕྱོགས་ལུ་ཞུགས་ཏེ་ ལོ་༥ དེ་ཅིག་ལས་ མ་འགྱོ་རུང་ འཕྲལ་ཕུགས་གཉིས་ཆ་ར་ལུ་ ལེགས་ཤོམ་མི་འོང་ནི་ཨིན་པའི་ གཏམ་ལོ་རྒྱུས་ཚུ་གོཝ་ད་ སེམས་ཕམ་བྱུངམ་ཨིན་མས།
དེ་ཡང་ ད་རེས་ནངས་པ་ སྤྱིར་བཏང་བཙག་འཐུའི་དོན་ལུ་ གཞུང་གི་ལས་སྡེ་དང་ མི་མང་ལས་འཛིན་ཚུ་ནང་ ལཱ་འབད་མི་ ལས་གཡོགཔ་ཚུ་གིས་ རང་སོའི་ཐོབ་དབང་དང་འཁྲིལ་ འགྲེམ་ཐོག་ཚོགས་རྒྱན་སྐྱུར་ཏེ་ འབྲེལ་ཡོད་འདེམས་ཁོངས་ནང་ སྐྱེལ་བའི་བསྒང་ཡོདཔ་ཨིན་རུང་ གཙུག་སྡེ་ལ་ལུ་ཅིག་ནང་ འགོ་དཔོན་ཚུ་གིས་ ལས་གཡོགཔ་ཚུ་ལུ་ འགྲེམ་ཐོག་ཚོགས་རྒྱན་ག་ལུ་ བཙུགས་ནི་ཨིན་ན་ རྒྱུད་བསྐུལ་འབད་བའི་ འཐོར་གཏམ་གོཝ་མ་ཚད་ མིང་མེད་ཡི་གུ་དང་ མི་སྡེའི་བརྡ་བརྒྱུད་ཚུ་ནང་ཡང་ ཚུལ་མིན་འབད་བའི་ ལོ་རྒྱུས་ཚུ་ གསལ་བཀོད་འབད་ནུག།
མ་གཞི་ ལོ་རྒྱུས་གོ་མི་ཚུ་ འཐོར་གཏམ་ཨིནམ་ལས་ བདེན་རྫུན་ཕྱེ་ཚུགས་པར་ ལཱ་ཁག་འོང་ནི་ཨིན་རུང་ གལ་སྲིད་ ངེས་བདེན་ཨིན་པ་ཅིན་ མི་ངོམ་སོ་སོ་ལུ་ ཚོགས་རྒྱན་བསྐྱུར་ནི་གི་ ཐོབ་དབང་ཚུ་ལུ་ ཐོ་ཕོག་ནི་དང་ བཙག་འཐུའི་བྱ་རིམ་ཡང་ རང་མོས་དང་ རྣམ་དག་ཐོག་ འགོ་འདྲེན་འཐབ་ནི་ལུ་ཡང་ བར་ཆད་རྐྱབ་ནི་གི་ ཉེན་ཁ་སྦོམ་འདུག།
འགྲེམ་ཐོག་ཚོགས་རྒྱན་དེ་ ལས་གཡོགཔ་ཚུ་ལུ་ གོ་སྐབས་བྱིན་མི་དེ་ཡང་ རང་སོའི་ཡིག་ཚང་གི་ ལཱ་ཚུ་ལུ་ ཐོ་མི་ཕོག་ནི་དང་ མི་ངོམ་སྦེ་ ཚོགས་རྒྱན་བཙུགས་པར་ ཐག་རིང་ས་ལུ་ འགྱོ་མ་དགོ་པའི་ ཕན་ཐབས་ལུ་དམིགས་ཏེ་ཨིནམ་ད་ གལ་སྲིད་ འགྲེམ་ཐོག་ཚོགས་རྒྱན་ཚུ་ ལོག་སྤྱོད་འབད་བ་ཅིན་ དམིགས་དོན་དང་ རྒྱབ་འགལ་འགྱོ་ནི་ཨིན་མས།
འབྲུག་འདི་ རྒྱལ་ཁབ་ཆུང་ཀུ་ཅིག་ཨིན་པའི་ཁར་ མི་འབོར་ཡང་ ཉུང་སུ་ཅིག་ལས་བརྒལ་མེདཔ་ལས་ ཚུལ་མིན་ལག་ལེན་ག་ཅི་ར་འཐབ་རུང་ འཐོར་གཏམ་ཚུ་ འཇམ་ཏོང་ཏོ་སྦེ་ ཁྱབ་སྤེལ་འགྱོཝ་མ་ཚད་ གཅིག་གིས་གཅིག་ལུ་ ག་ཅི་འབདཝ་ཨིན་ན་དང་ ག་ཅི་སླབ་ཨིན་ན་ ཤེས་ཚུགསཔ་ཨིན་མས།
སྲིད་དོན་གནས་སྟངས་ནང་ སྲིད་དོན་ཚོགས་པ་དང་ སྲིད་དོན་པ་ དེ་ལས་ རྒྱབ་སྐྱོར་པ་ཚུ་གིས་ ཚོགས་རྒྱན་འཐོབ་ནིའི་དོན་ལུ་ འཐོར་གཏམ་ཚུ་ ག་དེ་སྦེ་ར་ སྤེལ་སྲིད་ནི་ཨིན་རུང་ མིག་མཐོང་ལག་བཟུང་གི་ སྒྲུབ་བྱེད་གསལ་སྟོན་འབད་ན་མ་གཏོགས་ འདི་བཟུམ་མའི་ ཧམ་བཤད་ཚུ་ལུ་ བདེན་འཛིན་རེ་ནི་མི་འོང་།
ཨིན་རུང་ རང་སོའི་ཐོབ་དབང་དང་ དལ་དབང་ཚུ་གི་ཐད་ལུ་ལྷོདཔ་ད་ རང་གིས་བསྟར་སྤྱོད་འབད་དེ་ འོས་འབབ་ཅན་གྱི་ འདེམས་ངོ་བཙག་འཐུ་འགྲུབ་དགོཔ་དེ་གལ་ཆེ། འདི་དང་གཅིག་ཁར་ འགྲོ་བ་མིའི་ཐོབ་དབང་དང་ དལ་དབང་ཚུ་ལུ་ བརྩི་མཐོང་བསྐྱེད་དགོ་ཟེར་ ཞུ་ནི་ཨིན།

No comments:

Post a Comment