གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དོསཔ་༡༢ ལུ་ དབྱར་རྩྭ་དགུན་འབུབ་བསྡུ་བསྒྱོམ་འབད་བཅུག་ཡོདཔ།

༢༢/༦/༢༠༡༣   སྤྱི་ཟླ་༦ པའི་ཚེས་༢༤ ལུ་ ཞིབ་དཔྱད་འབད་མི་ སྡེ་ཚན་ཅིག་ གཏང་ནི་ཨིན་པས།
༉ ནགས་ཚལ་དང་ གླིང་ཁ་ཞབས་ཏོག་ལས་ཁུངས་ཀྱིས་ འཐུས་མི་༥ འབད་མི་ སྡེ་ཚན་ཅིག་ དབང་འདུས་ཕོ་བྲང་གི་ས་གནས་ སྲས་ཕུག་ལུ་ དབྱར་རྩྭ་དགུན་འབུབ་བསྡུ་བསྒྱོམ་འབད་སའི་ ས་ཁོངས་ཚུ་ནང་ གཏང་ནི་ཨིན་པས།


དེ་ཡང་ དབང་ཕྱུག་བརྒྱ་འཁོར་གླིང་ཁ་དང་ སྲས་ཕུག་རྒེད་འོག་ ཝང་སྡེ་ཚན་ དེ་ལས་ནགས་ཚལ་སྲུང་སྐྱོབ་སྡེ་ཚན་གྱི་ འགོ་དཔོན་ཚུ་ཡོད་མི་ ཞིབ་དཔྱད་སྡེ་ཚན་དེ་ སྤྱི་ཟླ་༦ པའི་ཚེས་༢༤ ལུ་ ས་ཁོངས་ཚུ་ནང་སོང་སྟེ་ སྤྱི་ཟླ་༥ པའི་ནང་ ནགས་ཚལ་སྡེ་ཚན་གྱི་ དོསཔ་སྦེ་སོང་མི་ མི་སེར་༡༢ ལས་ ངག་བརྗོད་ལེན་ནི་ཨིན་པས།
མི་༡༢ པོ་དེ་ དོས་འབག་བསྐྱལ་བའི་ཤུལ་ལུ་ ལོག་མ་འོང་པར་ རིན་ཐང་ཅན་ཅིག་ཨིན་མི་ དབྱར་རྩྭ་དགུན་འབུབ་བསྡུ་བསྒྱོམ་འབད་བཅུག་ཡོད་པའི་སྐོར་ མིང་མེད་པའི་ ཉོགས་བཤད་ཡི་གུ་ཅིག་ ཐོབ་མི་དང་བསྟུན་ ནགས་ཚལ་ལས་ཁུངས་ཀྱིས་ ཞུ་ལོག་རྐྱབ་མི་དེ་ ངེས་བདེན་ཨིན་མེན་ བལྟ་ནིའི་དོན་ལུ་ ཞིབ་དཔྱད་རྐྱབ་ནི་ འགོ་བཙུགས་ཡོདཔ་ཨིན་པས།
དབང་ཕྱུག་བརྒྱ་འཁོར་གླིང་ཁ་གིས་ དོསཔ་ཚུ་ སྲས་ཕུག་རྒེད་འོག་བདག་སྐྱོང་གིས་ བཏང་ཡོདཔ་སྦེ་ ནགས་ཚལ་ལས་ཁུངས་ལུ་ ཡིག་ཐོག་ལས་ དོགས་སེལ་འབད་ཡོད་རུང་ རང་དབང་ཐོག་ ཞིབ་དཔྱད་རྐྱབ་མི་ སྡེ་ཚན་ཅིག་གཏང་ནི་དེ་ ཁག་ཆེ་ཟེར་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།
རྒཔོ་གིས་ དོས་འབག་མི་༡༢ པོ་དེ་ ས་གནས་ཀྱི་ མི་སེར་ཚུ་ཨིན་པའི་ཁར་ ཅ་ལ་འབག་བསྐྱལ་བའི་ དགའ་ཚོར་ལུ་ འབུབ་བསྡུ་བསྒྱོམ་འབད་བཅུག་ཡོདཔ་སྦེ་ གསལ་བཀོད་འབད་ཡོད་མི་ ཡི་གུ་༢ པོ་དེ་ཡང་ ལས་ཁུངས་ལུ་ ཕུལ་ཡོདཔ་ད་ སྤྱི་ཟླ་༥ པའི་ཚེས་༢༩ ལུ་ ནགས་ཚལ་འགོ་དཔོན་དང་ རྫོང་ཁག་དབང་འཛིན་ དེ་ལས་ བརྡ་བརྒྱུད་ལས་ཁང་ཚུ་ནང་བཏང་མི་ མིང་མེད་ཉོགས་བཤད་ཡི་གུ་ནང་ ནགས་ཚལ་ཉེན་སྲུང་ལྟ་སྐོར་འབད་མི་ སྡེ་ཚན་གྱིས་ ས་གནས་དེ་ཁ་ལས་མེན་པའི་ བཟའ་ཚང་འཐུས་མི་ཚུ་ཁྱིད་དེ་ འབྲེལ་ཡོད་མི་སེར་ཚུ་ལུ་ དབྱར་རྩྭ་དགུན་འབུབ་བསྡུ་བསྒྱོམ་འབད་ཆོག་པའི་ གནང་བ་མ་བྱིན་པའི་ཧེ་མར་ འབུབ་བསྡུ་བསྒྱོམ་འབད་བཅུག་ནུག་ཟེར་ ཁ་ཉེས་བཀལ་ཡོདཔ་ཨིན་པས།
མིང་མེད་ཡི་གུའི་ནང་ དོསཔ་ལ་ལུ་ཅིག་ བཀྲིས་སྒང་དང་ མོང་སྒར་ རྩི་རང་རྫོང་ཁག་ཚུ་ནང་ལས་ཡོདཔ་ལས་ འབུབ་བསྡུ་བསྒྱོམ་འབད་མི་ཆོག་ཟེར་ བཀོད་ཡོདཔ་ད་ ཀུན་གསལ་གྱིས་གོ་མི་ ལོ་རྒྱུས་དང་འཁྲིལཝ་ད་ དོསཔ་༤ སྲས་ཕུག་ལས་མིན་པར་ རྫོང་ཁག་གཞན་ཚུ་ལས་ཨིན་པས།
ནགས་ཚལ་འགོ་དཔོན་ཅིག་གིས་ སླབ་མིའི་ནང་ གལ་སྲིད་ ནགས་ཚལ་ལས་བྱེདཔ་ཚུ་གིས་ དོས་འབག་མི་སྦེ་ ཁོང་གི་ ཉེ་ཚན་ཚུ་ ཁྱིད་སོང་ཡོད་པ་ཅིན་ ཁོང་གི་ཀུན་སྤྱོད་རྣམ་གཞག་དང་ ཁེ་ཕན་ལྟག་སྤྲོད་ཐད་ཀར་དུ་ཡོད་ཟེར་ཨིན་པའི་ཁར་ དོསཔ་ཚུ་ དབྱར་རྩྭ་དགུན་འབུབ་བསྡུ་བསྒྱོམ་འབད་ཆོག་པའི་ ཐོ་བཀོད་ནང་མེད་པ་ཅིན་ ནགས་ཚལ་ལས་བྱེདཔ་ཚུ་གི་ ཁ་ཐུག་ལས་ འཐུས་ཤོར་བྱུང་ནུག་ཟེར་ སླབ་ཨིན་པས།
སྲས་ཕུག་རྒཔོ་ རིན་ཆེན་དཔལ་འབྱོར་གྱིས་ སླབ་མིའི་ནང་ དོསཔ་ཐོབ་པར་ ལཱ་ཁག་ཡོད་མི་ལུ་བརྟེན་ རྒེད་འོག་གིས་ ཁོང་ཆ་ཁྱབ་ ས་ཁོངས་ནང་སྡོད་དེ་ འབུབ་བསྡུ་བསྒྱོམ་འབད་བཅུག་ཅི་ཟེར་ཨིན་པས།
དོསཔ་ཚུ་ སྲས་ཕུག་ལས་ཨིནམ་ལས་ རྒེད་འོག་འགོ་དཔོན་ཚུ་གིས་ གྲོས་བསྟུན་འབད་ཞིནམ་ལས་ བསྡུ་བསྒྱོམ་འབད་ཆོག་པའི་ གནང་བ་སྤྲོད་ཅི་ཟེར་ རྒཔོ་རིན་ཆེན་དཔལ་འབྱོལ་གྱིས་ སླབ་ཨིན་པས།
ལྕགས་ཟམ་ལུ་སྡོད་མི་ སྐྱེས་ལོ་༦༥ ལང་མི་ཅིག་གིས་ སླབ་མིའི་ནང་ ལ་མཐོ་སར་ སྡོད་མི་ཚུ་གི་ ཕན་ཐབས་ལུ་ དབྱར་རྩྭ་དགུན་འབུབ་བསྡུ་བསྒྱོམ་འབད་ཆོགཔ་ བཟོ་ཡོད་རུང་ རྒེད་འོག་འགོ་དཔོན་ཚུ་གིས་ དབང་ཚད་ལོག་སྤྱོད་འབད་མི་ལུ་ བློ་ཕམ་བྱུངམ་མས་ཟེར་ཨིན་པས།
དོསཔ་ཚུ་ལུ་ ཁོང་གི་ ཉིན་བསྟར་གྱི་ གླ་ཆ་སྤྲོད་ཡོདཔ་ལས་ ག་ཅི་སྦེ་ དབྱར་རྩྭ་དགུན་འབུབ་བསྡུ་བསྒྱོམ་འབད་བཅུག་ཡོདཔ་ཨིན་ན་ཟེར་ ཁོ་གིས་ དྲི་བཀོད་འབདཝ་ཨིན་པས།
སྲས་ཕུག་རྒེད་འོག་ནང་ ཁྱིམ་གུང་༣༠༠ ཡོད་མི་ལས་ མི་སེར་༦༠༠ ལྷགཔ་ཅིག་གིས་ ས་གནས་མེ་ལོ་དང་ དཀྱིལ་འཁོར་ཐང་གི་བར་ན་ ས་ཁོངས་ཁག་༡༡ ལས་ དབྱར་རྩྭ་དགུན་འབུབ་བསྡུ་བསྒྱོམ་འབད་དོ་ཡོདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment