གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྲིད་ཚོགས་༢ ཆ་རའི་ ཁས་བླངས་གསལ་བསྒྲགས་ལུ་ལྟ་སྟེ་ ཚོགས་རྒྱན་བཙུགས་ནི་ལུ་མགུ་འཐོམ།


མོང་སྒར་དང་ དགྲ་མེད་རྩེ་སྔ་ཚང་འདེམས་ཁོངས་ཀྱི་ འདེམས་ངོ་༢ ཀྱིས་ མི་མང་རྩོད་བསྡུར་འབད་བའི་བསྒང་།
༉ སྤྱི་ཟླ་༦ པའི་ཚེས་༢༢ ཀྱི་ཕྱི་རུ་ མོང་སྒར་དང་ དགྲ་མེད་རྩེ་སྔ་ཚང་འདེམས་ཁོངས་ཀྱི་དོན་ལུ་ མི་མང་རྩོད་འགྲན་གྱི་ ལས་རིམ་ནང་ བཅའ་མར་གཏོགས་མི་ མི་སེར་ལ་ལུ་ཅིག་གིས་ སླབ་མིའི་ནང་ མ་གཞི་ཧེ་མ་འབད་བ་ཅིན་ མི་སེར་དམངས་གཙོ་ཚོགས་པའི་ ཁས་བླངས་གསལ་བསྒྲགས་ཚུ་ ལེགས་ཤོམ་མཐོང་ཡོདཔ་ཨིན་རུང་ ད་རེས་ནངས་པ་ ཁས་བླངས་གསལ་བསྒྲགས་ཚུ་ བསྒྱུར་བཅོས་འབད་དོ་ཡོདཔ་ལས་ མི་སེར་ཚུ་ མགུ་འཐོམ་ནི་མས་ཟེར་ཨིན་པས།

དེ་ཡང་ མོང་སྒར་ཁྲོམ་གྱི་ ཚོང་པ་ཅིག་གིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ མི་སེར་དམངས་གཙོ་ཚོགས་པའི་ ཁས་བླངས་གསལ་བསྒྲགས་ཚུ་ རྒྱལ་ཁབ་ནང་ ཕན་ཐོགས་ཅན་གྱི་ཁས་བླངས་ཚུ་ཡོད་རུང་ འདེམས་ངོ་སོ་སོའི་ཁ་ལས་ དུང་ཅུང་ཅིག་ལས་བཙག་དོ་བཟུམ་མའི་ ཁས་བླངས་མེདཔ་ལས་ བློ་གཏད་མ་ཚུགསཔ་འགྱོཝ་མས་ཟེར་ཨིན་པས།

ཁོ་གིས་ཡང་ མདང་ཞག་ སྲིད་ཚོགས་ཀྱི་གཙོ་འཛིན་ མོང་སྒར་ལུ་འོང་པའི་སྐབས་ལུ་ མི་སེར་ཚུ་གི་ ཕན་ཐབས་ལུ་དམིགས་ཏེ་ སྣུམ་འཁོར་ བཱོ་ལི་རོ་རེ་དང་ དངུལ་ཁང་ དེ་ལས་ མར་ཁུ་བཀྲམ་སྤེལ་ཁང་ཚུ་ རྒེད་འོག་ནང་ གཞི་བཙུགས་འབད་ནི་ཨིན་ཟེར་ སླབ་མི་དེ་ལུ་ མི་སེར་ཚུ་ སེམས་དགའ་སྟེ་ཡོདཔ་ཨིན་རུང་ ད་རེས་འབདཝ་ད་ བསྒྱུར་བཅོས་འབད་མི་ལུ་བརྟེན་ ག་ཅི་སླབ་ནི་ཨིན་ན་ཡང་ མི་ཤེས་པས་ཟེར་ཨིན་པས།


དེ་བཟུམ་སྦེ་ མོང་སྒར་ཡ་ལྡི་ལས་ སོ་ནམ་པ་ཅིག་གིས་ སླབ་མིའི་ནང་ སོ་ནམ་པ་མང་ཤོས་ཅིག་གིས་ མི་སེར་དམངས་གཙོ་ཚོགས་པའི་ ལྟ་བ་དང་ ཁས་བླངས་གསལ་བསྒྲགས་ལུ་ལྟ་སྟེ་ རྒྱབ་སྐྱོར་འབད་ནི་ལུ་ སེམས་དགའ་ཡོདཔ་ཨིན་རུང་ ད་རེས་ནངས་པ་ བསྒྱུར་བཅོས་འབད་དོ་ཡོདཔ་ལས་ སེམས་དང་མ་ལྡན་ཟེར་ཨིན་པས།


དེ་བཟུམ་སྦེ་ ཐང་རོང་ལས་ སོ་ནམ་པ་ཅིག་གིས་འབད་རུང་ མཐའ་ཟུར་གྱི་ གཡུས་ཚན་གྱི་མི་སེར་ཚུ་ལུ་ འཕྲུལ་གླང་པ་ཝར་ཊི་ལར་དང་ བཱོ་ལི་རོ་ དེ་ལས་ མར་ཁུ་བཀྲམ་སྤེལ་ཁང་དང་ དངུལ་ཁང་ཚུ་ རྒེད་འོག་ནང་ ལྷོད་ཚུགས་ནི་མས་ཟེར་ མནོ་བསམ་བཏང་སྟེ་སེམས་དགའ་སྡོད་ཅི་ཟེར་ཨིནམ་ད་ དེ་འབད་བ་ལུ་བརྟེན་ སྐབས་ཐེངས་ཅིག་ ཁོ་རའི་ཚོགས་རྒྱན་དེ་ མི་སེར་དམངས་གཙོ་ཚོགས་པ་ལུ་ བཙུགས་ནི་ཟེར་ཨིན་པས།


མོང་སྒར་ལུ་ སྡོད་མི་ལ་ལུ་ཅིག་གིས་ སླབ་མིའི་ནང་ སྲིད་ཚོགས་༢ ཆ་ར་ དམ་ཚིག་མེད་པའི་སྲིད་ཚོགས་དང་ མགུ་སྐོར་རྐྱབ་མི་ སྲིད་ཚོགས་ཨིནམ་ལས་ ཚོགས་རྒྱན་དེ་ ག་ལུ་བཙུགས་ནི་ཨིན་ན་ ད་ལྟོ་ སླབ་མི་ཤེས་ནི་མས་ཟེར་ཨིན་པས།


དེ་ཡང་ ཚོང་པ་ཅིག་གི་ སླབ་མིའི་ནང་ འབྲུག་ཕུན་སུམ་ཚོགས་པ་གིས་ཡང་ ཁོང་གི་འཛོལ་བའི་ལཱ་ཚུ་ འཛོལ་སོ་ཡི་ཟེར་ མི་སེར་ཚུ་ལུ་ ཕྲང་སྟེ་སླབ་ནི་མེདཔ་ལས་ དགའ་རུང་སྐྱོར་རུང་ ཚར་ཅིག་ གཞུང་སྐྱོང་གི་གོ་སྐབས་དེ་ མི་སེར་དམངས་གཙོ་ཚོགས་པ་ལུ་ བྱིན་དགོཔ་འདུག་ཟེར་ཨིནམ་ད་ གནས་སྐབས་ལུ་ ལེགས་འགྱུར་གསརཔ་ག་དེ་སྦེ་ འབག་འོང་ཚུགས་ག་ བལྟ་ནིའི་དོན་ལུ་ཨིན་ཟེར་ཨིན་པས།


ད་རེས་ནངས་པ་ རང་སོའི་འདེམས་ཁོངས་ཚུ་ནང་ མི་སེར་ཚུ་གིས་ ཚོགས་པ་༢ ཀྱི་ ལོ་རྒྱུས་འདྲ་མ་འདྲཝ་ཚུ་ ག་དེ་སྦེ་ར་སླབ་རུང་ དགྲ་མེད་རྩེ་ སྔ་ཚང་འདེམས་ཁོངས་ཀྱི་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ང་ོ ཨྱོན་དབང་འདུས་དང་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ ཚེ་རིང་རྡོ་རྗེ་གིས་ ཁོང་རའི་ཚོགས་པའི་ལྟ་བ་དང་ ཁས་བླངས་ཚུ་ མི་སེར་ཚུ་ལུ་ ག་དེ་དྲག་དྲག་ གོ་བ་བརྡ་སྤྲོད་འབད་དོ་ཡོདཔ་ཨིན་པས།


འདེམས་ངོ་ ཚེ་རིང་རྡོ་རྗེ་གིས་འབད་བ་ཅིན་ ཁོང་གི་ ཚོགས་པ་གིས་ ཁས་བླངས་གསལ་བསྒྲགས་ཚུ་ ཚོགས་པའི་ལྕོགས་གྲུབ་དང་འཁྲིལ་ཏེ་ཨིནམ་ལས་ མི་སེར་ཚུ་ལུ་ ཕུལ་ཚུགས་ཟེར་ཨིནམ་ལས་ མི་སེར་ཚུ་གིས་འབད་རུང་ ཚོགས་པ་གཞན་གྱིས་ ག་ཅི་སླབ་རུང་ འགྲུབ་མ་ཚུགས་པའི་ཚ་གྱང་དེ་ ལང་ནི་མི་འོང་ཟེར་ཨིན་པས།


ཁོ་གིས་ སླབ་མིའི་ནང་ ད་ལྟོ་ མི་སེར་ཚུ་ལུ་ དབང་ཚད་ཟེར་རུང་ ཚོགས་རྒྱན་བཙུགས་ནི་རྐྱངམ་གཅིག་ལས་བརྒལ་མེདཔ་ལས་ ད་ལས་ཕར་ མི་སེར་ཚུ་གིས་ མི་སེར་དམངས་གཙོ་ཚོགས་པ་དེ་ བཙག་འཐུ་འབད་གནང་པ་ཅིན་ དབང་ཚད་དེ་ མི་སེར་ཚུ་ལུ་སྤྲོད་དེ་ དབང་ཚད་ཕྱིར་སྤེལ་གྱི་ཐོག་ལས་ གོང་འཕེལ་འདྲ་མཉམ་གཏང་ནི་ཟེར་ཨིན་པས།


དེ་ཡང་ ཁོ་གིས་ སླབ་མིའི་ནང་ ས་གནས་གཞུང་དེ་ མི་སེར་ཚུ་གི་སྐྱིད་སྡུག་ ཐད་ཀར་དུ་ སེལ་ཚུགས་མི་ཨིནམ་ལས་ ཁོང་ལུ་ དངུལ་འབྲེལ་གྱི་དབང་ཚད་དང་ ཐོབ་ལམ་ཚུ་ ལེགས་ཤོམ་བཟོ་དགོཔ་ཡོདཔ་མ་ཚད་ ཞི་གཡོགཔ་ཚུ་གིས་ ཐོབ་ལམ་ཚུ་ཡང་ བལྟ་ནི་ཟེར་ཨིནམ་ད་ ད་རེས་ནངས་པ་ གོང་འཕེལ་ལུ་གནོད་མི་དེ་ དངུལ་བརྒྱ་ཆ་༩༠ གཞུང་ལྟེ་བ་གིས་ ལག་ལེན་འཐབ་དོ་ཡོདཔ་ལས་བརྟེན་ཨིན་ཟེར་ཨིན་པས།


འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཨྱོན་དབང་འདུས་ཀྱིས་འབད་བ་ཅིན་ མི་སེར་ཚུ་གིས་འབད་རུང་ སྲིད་ཚོགས་༢ ཀྱི་ལྟ་བ་ཚུ་ལེགས་ཤོམ་སྦེ་ ཤེས་དགོཔ་ཁག་ཆེ་ཟེར་ཨིནམ་ད་ འབྲུག་ཕུན་སུམ་ཚོགས་པའི་ལྟ་བ་དེ་ འདྲ་མཉམ་དང་དྲང་བདེན་ཐོག་ལས་ མི་སེར་རང་མགོ་རང་འདྲོངས་ བཟོ་ནི་དེ་ཨིན་ཟེར་ཨིནམ་ད་ དེ་ཡང་ གློག་མེ་ལས་འགུལ་ཚུ་ལས་བརྟེན་ བཟོ་ནི་ཟེར་ཨིན་པས།


ཁོང་གིས་ སླབ་མིའི་ནང་ དབང་ཚད་ཕྱིར་སྤེལ་དེ་ ཧེ་མ་ཡོད་ཟེར་ཨིནམ་ད་ མི་སེར་དམངས་གཙོ་ཚོགས་པ་གིས་ དབང་ཚད་ཕྱིར་སྤེལ་ཐོག་ལས་ རྒྱལ་ཁབ་ཡར་རྒྱས་གཏང་ནི་ཟེར་མི་དེ་ལུ་ ཁོ་གིས་འབད་བ་ཅིན་ ཡིད་ཆེས་མ་འབྱུང་ཟེར་ཨིནམ་ད་ དེ་ཡང་ དབང་ཚད་དེ་ ས་གནས་གཞུང་ལུ་གནང་ནི་ཟེར་ཨིནམ་ལས་ ས་གནས་གཞུང་ལུ་ གཞུང་ལྟེ་བ་ལས་ མ་དངུལ་མ་ལྷོད་པ་ཅིན་ གོང་འཕེལ་གྱི་ལས་སྣ་ཚུ་ འབད་མི་ཚུགས་ཟེར་ཨིན་པས།


དེ་མ་ཚད་ འབྲུག་ཕུན་སུམ་ཚོགས་པ་གིས་འབད་བ་ཅིན་ ན་གཞོན་ཚུ་ལུ་ ལཱ་གཡོག་གི་དཀའ་ངལ་སེལ་ཐབས་ལུ་ བློན་པོ་འོག་མ་ཅིག་ བསྐོ་བཞག་འབད་ཞིནམ་ལས་ ལཱ་གཡོག་གི་དཀའ་ངལ་ བསལ་ནི་ཟེར་ཨིནམ་ད་ མི་སེར་དམངས་གཙོ་ཚོགས་པ་གིས་འབད་བ་ཅིན་ འཐུས་བྱིན་ནི་ཟེར་ཡོད་མི་དེ་ རྒྱལ་ཁབ་ནང་ འཐུས་སྤྲོད་ཚུགས་པའི་དངུལ་མེད་ཟེར་ཨིན་པས།


དྲི་ལན་གྱི་སྐབས་ལུ་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ ཚེ་རིང་རྡོ་རྗེ་གིས་ སླབ་མིའི་ནང་ མ་གཞི་ ཨྱོན་དབང་འདུས་ཁོ་ར་ ཁྲིམས་ཀྱི་མཁས་མཆོག་ཅིག་ཨིན་རུང་ ཁྲིམས་འགལ་ཐོག་ལས་ ཁྲལ་ག་ཅི་སྦེ་ ཡར་སེང་འབད་ཡི་ཟེར་ སླབ་མི་ལུ་ ཨྱོན་དབང་འདུས་ཀྱིས་ བཅའ་ཁྲིམས་༢ ཡོདཔ་ལས་བརྟེན་ སྟབས་མ་བདེཝ་བྱུང་ནུག་ཟེར་ཨིན་པས།


ཨྱོན་དབང་འདུས་ཀྱིས་ འཆར་གཞི་བཅུ་པའི་ནང་ གཞུང་གིས་ ཟད་འགྲོ་ག་དེམ་ཅིག་བཏང་ཡོདཔ་ཨིན་ན་དང་ འཆར་གཞི་༡༡ པའི་ནང་ ཟད་འགྲོ་ག་དེམ་ཅིག་ བཞག་ཡོདཔ་ཨིན་ན་ དེ་ཚུ་གིས་ ཁས་བླངས་འགྲུབ་ཚུགས་ནི་མས་ག་ཟེར་ སླབ་མི་ལུ་ ཚེ་རིང་རྡོ་རྗེ་གིས་ ཁོ་ར་ ཧེ་མ་ འཐུས་མི་མེནམ་ལས་བརྟེན་ ག་ཅི་ཡང་ ཞུ་ནི་མེད་ཟེར་ སླབ་ཡོད་པའི་གནས་ཚུལ།


མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment