གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དགེ་རབ་གྲྭ་ཚང་ཁག་གིས་ སྲིད་དང་འབྲེལ་བ་མེད་པའི་ ཚུལ་མཐུན་ངོས་ལེན།

༢༧/༦/༢༠༡༣    ༉ བཙག་འཐུའི་བྱ་རིམ་ཚུ་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་དང་འབྲེལ་ གཞུང་གྲྭ་ཚང་གི་ དགེ་འདུན་འཕགས་པའི་འདུས་ཚོགས་ཚུ་གིས་ རྩ་ཁྲིམས་ཆེན་མོ་དང་ བཙག་འཐུའི་ཁྲིམས་ལུགས་དང་བསྟུན་ སྲིད་དང་འབྲེལ་བ་མེདཔ་སྦེ་ ཚུལ་མཐུན་བཞུགས་དོ་ཡོདཔ་ཨིན་པས།


གཞུང་གྲྭ་ཚང་ལྟེ་བའི་ འགོ་དཔོན་དང་ རབ་སྡེའི་བླམ་གནས་བརྟན་ཚུ་གིས་ བཤད་མིའི་ནང་ རྩ་ཁྲིམས་ཆེན་མོ་དང་ བཙག་འཐུའི་ཁྲིམས་ལུགས་ཀྱིས་མ་ཚད་ སྐྱབས་རྗེ་རིན་པོ་ཆེ་ལས་ར་ དགེ་འདུན་གྲྭ་ཚང་དང་ རབ་སྡེ་ཁག་གི་ དགེ་འདུནམ་ཚུ་གིས་ སྲིད་ནང་འབྲེལ་གཏོགས་མེད་པར་ དམ་གཙང་སྦེ་བཞུགས་དགོ་པའི་ བཀའ་རྒྱ་དམ་དམ་ཡོདཔ་ལས་ དེ་དང་བསྟུན་ཏེ་ ལག་ལེན་འཐབ་དོ་ཟེར་ཨིན་པས།
བཙག་འཐུའི་བྱ་རིམ་འགོ་འདྲེན་དང་འབྲེལ་ གཡུས་སྒོ་ཚུ་ནང་ སྲིད་འབྲེལ་གྱི་འུར་བྱེལ་འཐབ་པའི་སྐབས་ སྐྱབས་རྗེ་རིན་པོ་ཆེ་མཆོག་ ད་རེས་ སྨན་བཅོས་ཀྱི་དོན་ལུ་ སེངྒ་པོར་ལུ་ བྱོན་ཡོདཔ་ཨིན་པས།
སློབ་དཔོན་བཞིཔོ་ཚུ་ག་ར་ དུས་རྒྱུན་གྱི་ དུས་མཆོད་འབུམ་སྡེ་འཚོགས་དགོཔ་ ལེ་ཤ་ཡོདཔ་ལས་ དེ་བཟུམ་མའི་ སྲིད་འབྲེལ་གྱི་ཕྱག་ལཱ་གནང་ནི་ཕར་བཞག་ ཐ་ན་ གཡུས་སྒོ་ཚུ་ནང་ལས་ཕར་ གཡུས་མི་ཚུ་གི་ རིམ་གྲོ་ཡང་ ཞལ་བཞེས་གནང་ནི་མེད་ཟེར་ཨིན་པས།
གཞུང་གྲྭ་ཚང་གི་ བདག་སྐྱོང་འགོ་དཔོན་ སངས་རྒྱས་ཚེ་རིང་གྱིས་ བཤད་མིའི་ནང་ རྡོ་རྗེ་སློབ་དཔོན་མཆོག་གིས་ བཀྲིས་ཆོས་རྫོང་ནང་ དུས་རྒྱུན་གྱི་ སྐུ་མཆོད་འབུམ་སྡེ་ཚུ་ནང་ དབུ་ཁྲིད་མཛད་དགོཔ་མ་ཚད་ སྒྲ་པའི་སླབ་དཔོན་མཆོག་ ལྕགས་རི་འབུམ་སྡེའི་དབུ་ཁྲིད་ དབྱངས་པའི་སློབ་དཔོན་མཆོག་ སྤ་རོ་སྟག་ཚང་ལུ་ འབུམ་སྡེའི་དབུ་ཁྲིད་མཛད་དགོ་པའི་རིམ་པ་ཚུ་ གཅིག་ཤུལ་གཉིས་སྦེ་ཡོདཔ་ལས་ ཕྱག་ལཱ་གཞན་ག་ནི་ཡང་ མཛད་ནི་གི་ དུས་ཁོམ་ར་མེད་ཟེར་ཨིན་པས།
རྩ་ཁྲིམས་ཆེན་མོའི་ བམ་ཚན་༣ པའི་དོན་ཚན་༣ པ་དང་འཁྲིལཝ་ད་ ཆོས་ཕྱོགས་གོང་འཕེལ་གཏང་ནི་དེ་ ཆོས་སྡེའི་གཙུག་སྡེ་ཚུ་དང་ ཆོསཔ་ཚུ་གི་འགན་འཁྲི་ཨིནམ་ད་ འགན་འཁྲི་དེ་འགྲུབ་ཐབས་ལུ་ ཆོས་དེ་སྲིད་དང་འབྲེལ་བ་མེདཔ་སྦེ་ བཞག་ནི་དེ་ཡང་ ཆོས་སྡེ་ཁག་དང་ ཆོསཔ་ཚུ་གི་ འཁན་འཁྲི་ཨིནམ་ ཆོས་སྡེ་སྲིད་ཀྱི་གོང་ལུ་ འབྲེལ་བ་མེདཔ་སྦེ་ བཞག་དགོ་ཟེར་ཨིན་པས།
གནད་དོན་དེ་དང་འབྲེལ་ བཙག་འཐུའི་བཅའ་ཁྲིམས་ལས་ཡང་ ཆོསཔ་ཚུ་གིས་ སྲིད་ནང་འབྲེལ་གཏོགས་འབད་མ་ཆོགཔ་མ་ཚད་ ཚོགས་རྒྱན་ཡང་ བཙུགས་མ་ཆོགཔ་ཨིན།
དེ་མ་ཚད་ བཙག་འཐུ་ལྷན་ཚོགས་ཀྱིས་ཡང་ འདས་པའི་ལོའི་ སྤྱི་ཟླ་༡༢ པ་རྫོགས་ཁམས་ལུ་ དུས་ཅི་གི་ སྤྱི་ཟླ་དང་པ་ལས་ འགོ་བཙུགས་ཏེ་ བཙག་འཐུའི་བྱ་རིམ་ཚུ་ མཇུག་མ་བསྡུ་ཚུན་ཚོད་ མི་མང་སྤུངས་འཛོམས་འབད་བའི་ ཆོས་ཕྱོགས་ཀྱི་ལས་རིམ་ཚུ་ འགོ་འདྲེན་འཐབ་མ་ཆོགཔ་སྦེ་ བཀའ་རྒྱ་ཅིག་ཡང་ གསལ་བསྒྲགས་འབད་ཡོདཔ་ཨིན།
རབ་སྡེ་༡༧ དེ་ཅིག་གི་ ཁྲི་འཛིན་ཨིན་མི་ བསམ་གྲུབ་ལྗོངས་མཁར་གྱི་ རབ་སྡེའི་བླམ་གནས་བརྟན་ བསོད་ནམས་བསྟན་འཛིན་གྱིས་ སླབ་མིའི་ནང་ གཞུང་གྲྭ་ཚང་གི་ མངའ་འོག་ལུ་ཡོད་པའི་ གྲྭ་ཚང་དགོན་སྡེ་ཆ་མཉམ་ར་ བཙག་འཐུ་ལྷན་ཚོགས་ཀྱི་ བཀའ་རྒྱ་དང་ སྐྱབས་རྗེ་མཆོག་གི་ བཀའ་རྒྱ་དེ་ སྤྱི་གཙུག་ལེན་སྟེ་ ངོས་ལེན་ཐོག་ དམ་དམ་སྦེ་ར་ ལག་ལེན་འཐབ་དོ་ཟེར་ཨིན་པས།
ཁོ་གིས་ ཁ་གསལ་འབད་མིའི་ནང་ བཙག་འཐུ་ལྷན་ཚོགས་ཀྱིས་ གྲྭ་ཚང་ལྷན་ཚོགས་ལུ་ ཁ་གསལ་འབད་མི་དང་འཁྲིལཝ་ད་ དགོན་སྡེ་ཁག་ཚུ་ནང་ དུས་རྒྱུན་གྱི་ ཉིན་བསྟར་དང་ ཟླ་རིམ་ དེ་ལས་ ལོ་བསྟར་གྱི་ དུས་མཆོད་འབུམ་སྡེའི་རིགས་ཚུ་ འགོ་འདྲེན་འཐབ་ནི་ལུ་ བཀག་ཆ་མེདཔ་མ་ཚད་ གཡུས་སྒོ་ཚུ་ནང་འབད་རུང་ ཤི་རྐྱེན་བྱུང་བའི་ རིམ་གྲོ་ཚུ་འབད་བ་ཅིན་ དགེ་འདུནམ་ཚུ་ གཏང་ཆོགཔ་སྦེ་ ཨིན་ཟེར་ཨིན་པས།
དེ་མིན་པའི་ དམིགས་བསལ་གྱི་ ཆོས་ཕྱོགས་ལས་རིམ་དང་ སྐུ་རིམ་བསྒྲུབ་ནི་ཚུ་ འགོ་འདྲེན་འཐབ་ནི་ཡང་ མེད་ཟེར་ཨིན་རུང་ བཙག་འཐུ་ལྷན་ཚོགས་ཀྱིས་ ཁོང་ལུ་ ཁ་གསལ་འབད་མི་དང་འཁྲིལ་བ་ཅིན་ རྒྱལ་ཁབ་སྤྱི་ལུ་དམིགས་པའི་ དམིགས་བསལ་གྱི་སྐུ་རིམ་ སྲིད་དང་འབྲེལ་མེདཔ་ དཔེ་འབད་བ་ཅིན་ ད་རེས་ རྒྱ་གར་ལུ་ ཆར་ཆུའི་རྐྱེན་ངན་སྦོམ་བྱུང་ཡོད་མི་ ཉམས་རྒུདཔ་ཚུ་གི་དོན་ལུ་ མར་མེའི་སྨོན་ལམ་འཚོགས་ནི་བཟུམ་མའི་ དམིགས་བསལ་གྱི་ ལས་རིམ་ཚུ་ འགོ་འདྲེན་འཐབ་མ་ཆོགཔ་མེདཔ་ཨིན་རུང་ སྲིད་ཚོགས་གང་རུང་གི་དོན་ལུ་དང་ ཡང་ཅིན་ འདེམས་ངོ་གང་རུང་ཅིག་གི་ རྒྱབ་སྐྱོར་ལུ་སྦེ་ སྐུ་རིམ་བསྒྲུབ་ནི་གི་རིགས་ཚུ་ རྩ་བ་ལས་ མཛད་མ་ཆོགཔ་སྦེ་ཡོདཔ་ལས་ དེ་དང་བསྟུན་པའི་ ལག་ལེན་འཐབ་དོ་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ སྤྱི་ལོ་༢༠༠༨ ཀྱི་ བཙག་འཐུའི་སྐབས་ལུ་འབད་བ་ཅིན་ ཆོསཔ་ཚུ་ སྲིད་དང་འབྲེལ་བ་མེདཔ་སྦེ་ གནས་དགོཔ་ཨིན་རུང་ ཁ་གསལ་ག་ནི་ཡང་མེདཔ་ལས་ ཆོསཔ་རེ་གཉིས་ཀྱིས་ མ་ཤེས་མ་མཐོང་གི་སྒོ་ལས་ དུམ་གྲ་རེ་ ནོར་འཁྲུལ་བྱུང་ཡོད་པའི་ ལོ་རྒྱུས་ཚུ་གོ་ཡོད་རུང་ དུས་ཅི་ བཙག་འཐུ་ལྷན་ཚོགས་ཀྱིས་ ཁ་གསལ་བཟོ་ཡོདཔ་ལས་ དེ་བཟུམ་མའི་ ནོར་འཁྲུལ་འབྱུང་དགོཔ་མེད་ཟེར་ཨིན་པས།
བཀྲིས་གཡང་རྩེའི་ བླམ་གནས་བརྟན་ ཡེ་ཤེས་རྡོ་རྗེ་གིས་འབད་བ་ཅིན་ ཁྲིམས་ལུགས་དང་ བཀའ་རྒྱ་ལུ་གནས་ཐོག་ལས་ རབ་སྡེའི་དགེ་སློང་ཚུ་ ས་གནས་ཀྱི་གཡུས་སྒོ་ཚུ་ནང་ཡང་ རིམ་གྲོ་ཚུ་ གི་ཅིའི་དོན་ལུ་ཡང་ གཏང་ནི་མེད་ཟེར་ཨིནམ་ད་ མི་ཤི་རིམ་གྲོ་འབད་དགོཔ་པའི་ གནད་དོན་ནང་རྐྱངམ་གཅིག་ བཏང་དོ་ཟེར་ཨིན་པས།
ད་རུང་ གཞུང་གྲྭ་ཚང་གི་ འོག་ལུ་མེན་པའི་ དགོན་སྡེ་ཅིག་ནང་ལས་ དགེ་སློང་ཅིག་གིས་ སླབ་མིའི་ནང་ སྲིད་འབྲེལ་གནས་ཚུལ་ཚུ་ གོཝ་དང་གཅིག་ཁར་ དེ་དང་འབྲེལ་བའི་ལོ་རྒྱུས་རེ་ ཆ་རོགས་ཚུ་དང་གཅིག་ཁར་ བཤལ་ཐོ་བཏང་ནི་ཡོད་རུང་ ཚོགས་རྒྱན་བཙུགས་དགོཔ་མེདཔ་ལས་ སྲིད་ནང་འབྲེལ་གཏོགས་འབད་དེ་ རྩ་བ་ལས་ འོས་འབབ་མེད་ཟེར་ཨིན་པས།
ཁ་ལས་ སྲིད་ཀྱི་གནས་ཚུལ་ཚུ་དང་འབྲེལ་བའི་ བཤད་ཐོ་གཏང་ནི་ཡང་ མ་ཆོགཔ་ཨིན་པ་ཅིན་ གཞན་སྲིད་འབྲེལ་གྱི་ ལཱ་བྱ་འཐབ་དགོ་པའི་གནད་དོན་དེ་ དགེ་སློང་ཚུ་ལུ་ གོ་སྐབས་ར་མེད་ཟེར་ ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment