གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྲིད་འབྲེལ་གནད་དོན་ཚུ་ རྒྱ་འབྲུག་༢ ཀྱི་མཐུན་ལམ་ནང་ སྤང་དགོཔ།

༢༩/༦/༢༠༡༣   ༉ སྲིད་དོན་ནང་ རྒྱ་འབྲུག་༢ ཀྱི་ མཐུན་འབྲེལ་གནད་དོན་ཚུ་ སྦུག་ལུ་མ་བཙུགས་པར་ ཐ་དད་བཞག་དགོཔ་སྦེ་ ཁ་ཙ་ འབྲུག་ཕུན་སུམ་ཚོགས་པ་གིས་ མི་སེར་དམངས་གཙོ་ཚོགས་པའི་ ཡིག་ཚང་ལུ་ ཞུ་ཡིག་ཅིག་ བཏང་ཡོདཔ་ཨིན་པས། 


འབྲུག་ཕུན་སུམ་ཚོགས་པ་གིས་ ཞུ་ཡིག་ནང་ གསལ་བཀོད་འབད་མི་དང་འཁྲིལཝ་ད་ རྒྱལ་ཁབ་ཀྱི་ ཞི་བདེའི་དོན་ལུ་ སྲིད་དོན་ཚོགས་པ་དང་ འདེམས་ངོ་ཚུ་གིས་ རྒྱ་འབྲུག་༢ ཀྱི་མཐུན་ལམ་དེ་ ཨ་རྟག་ག་ཨིནམ་སྦེ་ བཞག་གནང་དགོ་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་ གནས་ཚུལ་བཤད་མི་གིས་ སླབ་དོ་བཟུམ་འབད་བ་ཅིན་ མི་སེར་དམངས་གཙོ་ཚོགས་པ་གིས་ རྩོད་བསྡུར་འབད་བའི་སྐབས་དང་ སྤྱིར་བཏང་གྲོས་འཛོམས་ དེ་ལས་ གཡུས་སྒོ་ཚུ་ནང་ བསྐུལ་བསྒྲགས་འབད་བར་འགྱོཝ་ད་ རྒྱ་འབྲུག་གཉིས་ཀྱི་ མཐུན་འབྲེལ་གནད་དོན་ཚུ་གི་སྐོར་ལས་ ལོ་རྒྱུས་ཚུ་སླབ་མས་ཟེར་ཨིན་པས།
དེ་ཡང་ འབྲུག་གིས་ རྒྱ་ནག་དང་གཅིག་ཁར་ མཐུན་ལམ་བཟོ་ནིའི་ དཔའ་བཅམ་མི་ལུ་བརྟེན་ རྒྱ་གར་གྱིས་ ད་ལས་ཕར་ ལོ་༥ འི་འཆར་གཞི་༡༡ པའི་ འཆར་དངུལ་ཚུ་ མི་བྱིན་ནི་མས་ཟེར་བའི་ མ་བདེན་པའི་འཐོར་གཏམ་ཚུ་ མི་སེར་ཚུ་ལུ་ ཁྱབ་སྤེལ་བཏང་སྟེ་ རྣམ་རྟོག་ལང་བཅུག་ནི་མི་འོང་ཟེར་ཨིན་པས།
རྒྱ་འབྲུག་༢ ཀྱི་མཐུན་ལམ་དེ་ སྔོན་གོང་ཕམ་མའི་སྐབས་ལས་ར་ དམ་ཟབ་སྦེ་ཡོདཔ་མ་ཚད་ ད་ལས་ཕར་འབད་རུང་ དེ་བཟུམ་སྦེ་ར་ རྒྱུན་འཛིན་འཐབ་དགོཔ་དེ་ འབྲུག་མི་ཡོངས་ཀྱི་ འགན་ཁུར་ཨིན་ཟེར་ཨིན་པས།
ལྷོ་ཐིམ་ཕུ་གི་འདེམས་ངོ་ ཡེ་ཤེས་སྦྱིན་པ་གིས་ བརྡ་བརྒྱུད་ལུ་ སླབ་དོ་བཟུམ་འབད་བ་ཅིན་ རྒྱ་གར་ལུ་ དཔལ་འབྱོར་གོང་འཕེལ་གྱི་ དཀའ་ངལ་ཡོད་དེ་འབད་རུང་ ལོ་༥ འི་འཆར་གཞི་༡༡ པའི་དོན་ལུ་ མ་དངུལ་བྱིན་ནི་གི་ ཁས་བླངས་འབད་དེ་ཡོད་ཟེར་ཨིན་པས།
འདས་པའི་གཞུང་གི་སྐབས་ལུ་ཡང་ རྒྱ་འབྲུག་གཉིས་ཀྱི་ མཐུན་ལམ་དེ་ སྔར་བ་ལྷགཔ་སྦེ་ གནས་བཞིན་དུ་ཡོད་ཟེར་ཨིན་པས།
ག་དེམ་ཅིག་སྦེ་ སྤྱིར་བཏང་བཙག་འཐུ་ནང་ལས་ རྒྱལ་ཁ་འཐོབ་ནི་རྐྱངམ་གཅིག་གི་དོན་ལུ་ དེ་སྦེ་འབད་འབདཝ་ཨིན་པ་ཅིན་ དེ་གིས་ འབྲུག་གཞུང་དང་ མི་སེར་ལུ་ གནོད་པ་སྦོམ་ཡོད་ཟེར་ ཡེ་ཤེས་སྦྱིན་པ་གིས་ བཤདཔ་ཨིན་པས།
དེ་མ་ཚད་ རྒྱ་གར་གྱི་གསར་ཤོག་ ཊ་ཡེམསི་ ཨཱོཕ་ ཨིན་ཌི་ཡ་ནང་ རྒྱ་འབྲུག་༢ ཀྱི་ མཐུན་ལམ་སྐོར་ལས་ མ་བདེན་པའི་གནས་ཚུལ་བཀོད་མི་ཚུ་ ག་གིས་བྱིན་བྱིནམ་ཨིན་ན་ དོགས་པ་སྦོམ་ཡོད་ཟེར་ཨིན་པས།
རང་གི་རྒྱལ་ཁབ་ཀྱི་ སྲིད་འབྲེལ་གནད་དོན་ནང་ ཕྱིའི་རྒྱལ་ཁབ་བར་ན་བཙུགས་ཏེ་ སྟབས་མ་བདེཝ་ བཟོ་ནི་མི་འོང་ཟེར་ཨིནམ་ད་ དེ་གིས་ རང་དབང་དང་ སྲུང་སྐྱོབ་ལུ་ ཐོ་ཕོག་ནིའི་ཉེན་ཁ་ཡོད་ཟེར་ཨིན་པས།
རྒྱ་གར་གྱིས་ ད་ཚུན་གྱི་བར་ན་ འབྲུག་གི་དཔལ་འབྱོར་གོང་འཕེལ་ལུ་ གྲོགས་རམ་སྦོམ་འབད་ཡོདཔ་མ་ཚད་ ལོ་༥ འི་འཆར་གཞི་༡༡ པའི་དོན་ལུ་ཡང་ རྒྱབ་སྐྱོར་འབད་ནི་སྦེ་ ཁ་བཟེད་དེ་ཡོད་ཟེར་ཨིན་པས།
མཐུན་ལམ་གྱི་ཐད་ལས་འབད་རུང་ སྔར་ག་ཨིནམ་སྦེ་ འཕྲོ་མཐུད་སྡོད་འོང་ཟེར་ འབྲུག་ཕུན་སུམ་ཚོགས་པའི་ ལྷོ་ཐིམ་ཕུའི་འདེམས་ངོ་ ཡེ་ཤེས་སྦྱིན་པ་གིས་ སླབ་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment