གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཨིང་ལིཤ་གི་སློབ་དཔོན་དང་ དཔེ་དེབ་ཚུ་དགོ་པའི་གྲོས་བསྡུར།

༢༨/༦/༢༠༡༣   ༉ ཁ་ཙ་ཐིམ་ཕུ་ལུ་ དགེ་རབ་གྲྭ་ཚང་གི་ བླམ་གནས་བརྟན་ཚུ་གི་ ཡོངས་ཁྱབ་ཞལ་འཛོམས་ནང་ བསྟན་པ་འཛིན་སྐྱོང་སྤེལ་གསུམ་དང་འབྲེལ་བའི་ གསུང་གྲོས་ལེ་ཤ་གནང་མིའི་གྲས་ལས་ གཅིག་ དགེ་རབ་གྲྭ་ཚང་ཚུ་ནང་ ཨིང་ལིཤ་གི་ ཆོས་ཚན་སློབ་སྟོན་དོན་ལུ་ སློབ་དཔོན་དང་ དཔེ་དེབ་ཀྱི་ དགོས་མཁོ་ཡོད་པའི་སྐོར་ལས་ གྲོས་བསྡུར་ཞིབ་པར་བྱུང་ཡི།

དགེ་རབ་གྲྭ་ཚང་གི་ བླམ་གནས་བརྟན་ཚུ་གིས་ ཐིམ་ཕུ་ལུ་སྦེ་ ལོ་བསྟར་ཡོངས་ཁྱབ་ཞལ་འཛོམས་ཐེངས་༤ པ་ ཚོགས་གནང་པའི་བསྒང་།

དེ་ཡང་ བླམ་བརྟན་ཚུ་གིས་འབད་བ་ཅིན་ འཛམ་གླིང་རྒྱལ་སྤྱིའི་འགྱུར་བ་དང་བསྟུན་ རབ་སྡེ་གྲྭ་ཚང་ཚུ་ནང་གི་ སློབ་ཕྲུག་ཚུ་ལུ་ ཨིང་ལིཤ་གི་ཤེས་ཡོན་དེ་ དགོ་མཁོ་ཅན་གྱི་ དུས་ཚོད་ཁར་ལྷོད་ཡོདཔ་མ་ཚད་ འབྲུག་གི་ སློབ་ཕྲུག་སྤྱི་དང་མཐུན་པའི་ ཐོབ་དབང་ཡང་ཡོདཔ་ལས་ རབ་སྡེའི་དགེ་སློང་སློབ་ཕྲུག་ཚུ་ལུ་ཡང་ ཨིང་ལིཤ་གི་སློབ་དཔོན་དང་ དཔེ་དེབ་ཆོས་ཚན་ཚུ་ ཤུལ་མའི་གཞུང་གསརཔ་ག་འོང་རུང་ གྲོགས་རམ་ཞུ་ནི་སྦེ་ གྲོས་འཆམ་བྱུང་ཡི།
མ་གཞི་ འདས་པའི་གཞུང་གིས་ཡང་ རབ་སྡེ་གྲྭ་ཚང་ཁག་ཚུ་ནང་ ཨིང་ལིཤ་གྱི་སློབ་དཔོན་རེ་ གྲོགས་རམ་གནང་ནི་ལུ་ རྒྱབ་སྐྱོར་འབད་ཡོད་རུང་ འཆར་གཞིའི་མ་དངུལ་ནང་མ་ཚུད་ནི་དེ་གིས་ ལུས་སོ་ཡི་ཟེར་ཨིནམ་ད་ འདས་པའི་གཞུང་གི་ ཤེས་རིག་ལྷན་ཁག་དང་གཅིག་ཁར་ འཆར་གཞི་དེ་དང་འབྲེལ་བའི་ གསུང་གྲོས་ཚུ་གནང་ཡོདཔ་ཨིན་ཟེར་ གནས་ཡུན་ཚང་སྟེ་ དགོངས་ཞུ་འབད་ནི་ཨིན་མི་ རབ་སྡེའི་གནས་བརྟན་གྱི་ཁྲི་འཛིན་ བསོད་ནམས་བསྟན་འཛིན་གྱིས་བཤད་ཅི།
མགར་ས་རབ་སྡེའི་གནས་བརྟན་གྱིས་ གསལ་ཞུ་འབད་མིའི་ནང་ སྤྱི་ལོ་༢༠༠༩ ལས་ རབ་སྡེའི་གྲྭ་ཚང་ཁག་གི་ སློབ་གྲྭ་ཚུ་ནང་ ཨིང་ལིཤ་དེ་ཡང་ རྩ་བའི་ཆོས་ཚན་སྦེ་ ངོས་འཛིན་ཐོག་ ལོ་ངོ་༢ ཀྱི་རིང་ འཛམ་གླིང་རྒྱལ་སྤྱི་ཨ་ལུའི་ཤེས་ཡོན་མ་དངུལ་གྱི་ རྒྱབ་སྐྱོར་ཐོག་ལས་ རབ་སྡེ་གྲྭ་ཚང་ཁག་ལུ་ ཁག་འབག་གི་ སློབ་དཔོན་རེ་ཐོབ་ནི་དེ་གིས་ སློབ་ཕྲུག་དང་ རབ་སྡེ་གྲྭ་ཚང་ཚུ་ལུ་ ཕན་ཐོགས་སྦོམ་བྱུང་ཡི་ཟེར་ཨིན་པས།
མ་དངུལ་གྱི་རྒྱབ་སྐྱོར་དེ་ བཤོལ་བཞག་པའི་ཤུལ་ལུ་ རབ་སྡེ་ཁག་ཚུ་གིས་ རང་སོའི་ཐབས་ཤེས་སྣ་ཚོགས་ཀྱི་ཐོག་ལས་ ཉེ་འདབས་ཀྱི་ སློབ་གྲྭའི་སློབ་དཔོན་ཚུ་ལས་ ཁས་བླངས་ཀྱི་རོགས་རམ་དང་ གཞན་ཨིང་ལིཤ་ཤེས་མི་ཚུ་ལུ་ ཟླ་རིམ་དངུལ་ཕོག་ དངུལ་ཀྲམ་༡༠༠༠ དང་༢༠༠༠ དེ་རེ་སྤྲོད་ཐོག་ལས་ ལག་ལེན་འཐབ་ཡོད་རུང་ མཐའ་ཟུར་གྱི་རབ་སྡེའི་གྲྭ་ཚང་ཚུ་ནང་ དེ་བཟུམ་མའི་ ཐབས་ཤེས་བཏོན་ས་མེད་མི་ཚུ་ནང་ ཨིང་ལིཤ་སྟོན་ནི་མེད་པར་ ལུས་ཏེ་ཡོད་ཟེར་ཨིན་པས།
རྩི་རང་རབ་སྡེའི་ བླམ་གནས་བརྟན་གྱིས་འབད་བ་ཅིན་ ཡང་ཅིན་ ཕྱི་རྒྱལ་ཀེ་ན་ཌ་ལས་ འབྲུག་ལུ་ ཁས་བླངས་ཀྱི་སློབ་སྟོན་པ་ཚུ་འོང་སྲོལ་ཡོདཔ་ལས་ ཀེ་ན་ཌའི་གཞུང་ཚབ་ལུ་ གྲོགས་རམ་ཞུ་ནི་གི་ འོས་འབབ་ཅིག་ཡང་འདུག་ཟེར་ཨིནམ་ད་ གནས་སྐབས་ཅིག་ རབ་སྡེ་རང་སོའི་ཐབས་ཤེས་ཐོག་ལས་ ཨིང་ལིཤ་གི་ སློབ་སྟོན་ཡོདཔ་སྦེ་ བརྩོན་ཤུགས་བསྐྱེད་དགོ་ཟེར་བཤད་ཅི།
བཀྲིས་གཡང་རྩེ་རབ་སྡེའི་ བླམ་གནས་བརྟན་ ཡེ་ཤེས་རྡོ་རྗེ་གིས་ སླབ་མིའི་ནང་ གཡང་རྩེ་རབ་སྡེ་གིས་ འདས་པའི་ལོ་༣ གྱི་རིང་ སློབ་སྟོན་པ་ཅིག་ལུ་ ཟླ་རིམ་དངུལ་ཕོགས་༢༠༠༠ རེ་བྱིན་ཐོག་ལས་ ཨིང་ལིཤ་ཆོས་ཚན་གཞི་བཙུགས་ཐོག་ སློབ་སྟོན་འབད་ཡི་ཟེར་ཨིན་པས།
ད་རུང་ ཨིང་ལིཤ་ཆོས་ཚན་གྱི་ དཔེ་དེབ་རྩ་གཞུང་གི་ཐད་ལུ་ བླམ་གནས་བརྟན་ཚུ་གིས་ རྒྱལ་སྤྱི་ཨ་ལུའི་ཤེས་ཡོན་མ་དངུལ་གྱིས་  ལོ་༢ ཀྱི་རིང་ གྲོགས་རམ་འབད་བའི་སྐབས་ སླབ་རིམ་༨ པ་ཚུན་གྱི་དོན་ལུ་ དཔེ་དེབ་ཅིག་བཟོ་ཡོད་མི་དང་ བཀང་ལུང་མཐོ་རིམ་སློབ་གྲྭའི་ མི་སྡེ་ཞབས་ཏོག་སྡེ་ཚན་གྱིས་ བཀང་ལུང་བཤད་གྲྭའི་ནང་ སློབ་སྟོན་གྱི་དོན་ལུ་བཟོ་ཡོད་མི་ དཔེ་དེཔ་ཚུ་ ལག་ལེན་འཐབ་པ་ཅིན་ མ་བཏུབ་མིན་འདུག་ཟེར་བའི་ གྲོས་འཆམ་བྱུང་ཡི།
བསམ་གྲུབ་ལྗོངས་མཁར་གྱི་ བླམ་གནས་བརྟན་ བསོད་ནམས་བསྟན་འཛིན་གྱིས་འབད་བ་ཅིན་ རབ་སྡེ་ཚུ་ནང་ རྒྱལ་ཁབ་ཀྱི་ཨ་ལུ་ བརྒྱ་ཆ་༣༠ ཡོདཔ་ལས་ དེ་ཚུ་ལུ་ཡང་ འདས་པའི་གཞུང་གི་ ཨ་ལུ་གཅིག་ཡང་མེདཔ་སྦེ་ ཤེས་ཡོན་བྱིན་ནི་གི་ དམིགས་ཡུལ་དང་བསྟུན་ རབ་སྡེའི་གྲྭ་ཚང་ལུ་ ཨིང་ལིཤ་སློབ་སྟོན་པའི་ གྲོགས་རམ་འོས་འབབ་ཡོདཔ་ཟེར་ཨིན་པས།
དེ་འབད་ནི་དེ་གིས་ ཤུལ་མའི་གཞུང་གསརཔ་ག་འོང་རུང་ རབ་སྡེའི་གྲྭ་ཚང་ཚུ་ལུ་ ཨིང་ལིཤ་གི་སློབ་དཔོན་རེ་ གྲོགས་རམ་མཛད་པའི་རེ་བ་ཡོད་ཟེར་ བཤདཔ་ཨིན་པས།
གྲོས་ཚོགས་དེ་ ལོ་བསྟར་བླམ་གནས་བརྟན་ཚུ་གི་ ཡོངས་ཁྱབ་ཞལ་འཛོམས་ཐེངས་༤ པ་ཨིནམ་ད་ དེ་ནང་ རྡོ་རྗེ་སློབ་དཔོན་རིན་པོ་ཆེ་མཆོག་གིས་ ཞལ་འཛོམས་འགོ་འབྱེད་འབད་བའི་སྐབས་ ཆོས་དང་སྲིད་༢ འབྲེལ་མེད་ཀྱི་ གནད་དོན་ཐོག་ ཆོས་ཕྱོགས་ལས་རིམ་ཚུ་ བཀག་ཆ་མཛད་མི་ཡང་ ཤུལ་ལས་འབད་བ་ཅིན་ སྲིད་འབྲེལ་གྱི་དམིགས་དོན་མེད་པའི་ རྒྱལ་ཁབ་སྤྱི་དང་ མི་སེར་ལུ་ཕན་ཐབས་ཅན་གྱི་ཆོས་ཕྱོགས་ཀྱི་ སྐུ་རིམ་དང་ དུས་མཆོད་རིམ་པ་ཚུ་འབད་བ་ཅིན་ བཀག་ཆ་མེདཔ་ཅིག་འབད་དགོཔ་འདུག་ཟེར་ གསུངས་གནངམ་མ་ཚད་ དུས་མཆོད་སྐུ་རིམ་ཚུ་ ད་རེས་ དུས་འགྱུར་གྱི་གནས་སྐབས་ནང་ རྒྱལ་ཁབ་ཀྱི་ ཞི་བདེའི་དོན་ལུ་ གལ་ཅན་ཅིག་ཨིན་ཟེར་ གསུངས་ཡི།
ད་རིས་ གྲྭ་ཚང་ཁག་གི་ སྐུ་མཆོད་འབུམ་སྡེའི་ མཆོད་འབུལ་གྱི་འཐུས་དང་ གྲྭ་ཚང་ཁག་གི་དབུ་མཛད་དང་ དྲུང་ཆེན་ཚུ་གི་ དངུལ་ཕོགས་ཡར་སེང་ལ་སོགས་པའི་ དངུལ་འབྲེལ་གྱི་གསུང་གྲོས་ཚུ་ གྲོས་བསྡུར་འབད་ཞིནམ་ལས་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment