གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དྲགོས་པ་སངས་དབང་འདུས་ཀྱི་ འདས་པའི་ཉམས་མྱོང།

༢༤/༦/༢༠༡༣   ༉ ཧེ་མ་ འབྲུག་རྒྱལ་༢ པ་ མི་དབང་འཇིགས་མེད་དབང་ཕྱུག་གི་སྐབས་ ཚར་གཅིག་ ང་ར་ རྐང་ཁྲི་འབག་མི་སྦེ་ སྡོད་པའི་བསྒང་ ངེ་གི་མིང་ཡང་ ཅཱེར་མཱེན་ཟེར་ ཐོབ་ཅི་ཟེར་ ད་རེས་ སྐྱེས་ལོ་༨༣ ལང་མི་ དྲགོས་པ་སངས་དབང་འདུས་ཀྱིས་ སྤྱི་ཟླ་༦ པའི་ཚེས་༡༢ ལུ་  དཔལ་འབྲུག་འཇུག་ཞིབ་འཚོལ་ལྟེ་བའི་ ཞལ་འཛོམས་ཁང་ནང་སྦེ་ འདས་པའི་དུས་ཚོད་ཚུ་གི་སྐོར་ལས་ གསལ་བཤད་འབད་བའི་སྐབས་སླབ་ཅི།
དྲགོས་པ་སངས་དབང་འདུས་ཀྱིས་ འདས་པའི་ཉམས་མྱོང་བཤད་པའི་བསྒང་།


ཁོ་གིས་ གསལ་བཤད་ཉན་པར་འོང་མི་ཚུ་ལུ་ སླབ་མིའི་ནང་ དེ་བསྒང་ མི་དབང་མཆོག་ལུ་ ལྟབ་སྟེ་འབག་བཏུབ་པའི་ རྐང་ཁྲི་༢ སྡོད་ཡོདཔ་ཨིན་རུང་ ད་རེས་ དེ་བཟུམ་མའི་རྐང་ཁྲི་ཚུ་ མཐོང་ནི་མིན་འདུག་ཟེར་ཨིན་པས།
དེ་བསྒང་ དཔོན་གྱིས་ ཅཱེན་མེན་ཟེར་ འབོ་བའི་སྐབས་ལུ་ རྐང་ཁྲི་༢ འབག་སྟེ་ རྒྱུག་དགོ་ཟེར་ དྲོགས་པ་སངས་ཀྱི་སླབ་ཨིན་པས།
ཤུལ་ལས་ ཁོ་ར་གིས་ ཧ་གོ་བའི་བསྒང་ལས་ ཨིན་སྐད་ལས་ ཅཱེར་མཱེན་ཟེར་མི་དེ་ རྐང་ཁྲི་འབད་མི་མེན་པར་ གནས་ཚད་མཐོ་བའི་གོ་གནས་ ཁྲི་འཛིན་ཨིནམ་སྦེ་ ཤེས་ཅི་ཟེར་སླབ་ད་ བཅའ་མར་གཏོགས་མི་ཚུ་ཡང་ ཤུགས་སྦེ་ར་ དགའ་དགོཔ་ཐོན་ཡི།
དབང་འདུས་ཕོ་བྲང་ ཤར་ཉི་ཤོ་རྒེད་འོག་ལས་ཨིན་རུང་ ད་རེས་ ཐིམ་ཕུ་སེམས་རྟོགས་ཁ་ལུ་སྡོད་མི་ དྲགོས་པ་སངས་དབང་འདུས་ཀྱིས་འབད་བ་ཅིན་ དེ་བསྒང་ མི་དབང་འཇིགས་མེད་དབང་ཕྱུག་མཆོག་གིས་ རྒྱལ་ཁབ་ནང་ རིག་གསར་གྱི་ ཤེས་རིག་ལམ་ལུགས་ གཞི་བཙུགས་འབད་བའི་བསྒང་ཨིནམ་ད་ གསོ་བའི་ཞབས་ཏོག་ཚུ་ ད་རེས་བཟུམ་སྦེ་མེདཔ་ཨིན་རུང་ སྒོ་ནོར་བ་བུ་ ཌོག་ཊར་དག་པ་ཅིག་ སྡོད་ཡོདཔ་བཞིན་དུ་ ཁོང་ཆ་ཁྱབ་ མགུ་ཏོ་ན་རུང་ ཨ་བ་ཤར་རུང་ སྒོ་ནོར་གྱི་སྨན་ཚུ་ བཟའ་སྡོད་ཅི་ཟེར་ཨིན་པས།
དེ་བཟུམ་སྦེ་ ཁོ་གིས་ ཉམས་མྱོང་སྤྲོ་སྣང་ཅན་ ལེ་ཤ་ཅིག་གི་སྐོར་ལས་ར་ བཅའ་མར་གཏོགས་མི་ཚུ་ལུ་ གསལ་བཤད་འབད་ཡོདཔ་ད་ གསལ་བཤད་ཉན་མི་ཚུ་ སྤྲོ་བ་བྱུང་སྟེ་ དྲི་བ་ཚུ་ཡང་ ལེ་ཤ་ཅིག་ར་བཀོད་ཅི།
དྲགོས་པ་སངས་ཀྱིས་ གསལ་བཤད་འབད་མིའི་ནང་ དེ་བསྒང་ སློབ་གྲྭ་ཟེརཝ་ཡང་མེདཔ་མ་ཚད་ ད་རེས་བཟུམ་སྦེ་ ཆོས་རྒྱུགས་བཀལ་ཏེ་ སློབ་རིམ་སྦེ་ བརྩི་ནི་ཡང་ མིན་འདུག་ཟེར་ཨིནམ་ད་ ཁོ་རའི་སེམས་ལས་བཅད་པ་ཅིན་ ཁོ་གིས་ ད་རེས་ཀྱི་ སློབ་རིམ་༤ པ་དེ་ཅིག་གི་རྩིས་ དཔེ་ཆ་ལྷབ་ཡོདཔ་འོང་ནི་མས་ཟེར་ཨིནམ་ད་ དེ་བསྒང་ ཧིན་ཌི་ཡང་ ལྷབ་དགོ་ཟེར་ཨིན་པས།
ཁོ་གི་ཉམས་མྱོང་ཚུ་ དྲན་ཚོར་འབད་དེ་ སླབ་མིའི་ནང་ དེ་བསྒང་ སློབ་གྲྭ་མེད་པའི་ཁར་ འབྲུག་རྒྱལ་༢ པ་ཁོ་ར་ ག་ཏེ་བྱོན་སར་ ཁོང་སློབ་ཕྲུག་ཚུ་ཁྱིད་དེ་ དཔེ་ཆ་ལྷབ་བཅུགཔ་ཨིན་ཟེར་ཨིན་པས།
འབྲུག་རྒྱལ་༢ པ་མཆོག་ བུམ་ཐང་དབང་འདུས་ཆོས་གླིང་དང་ ཀྲོང་གསར་ ཀུན་དགའ་རབ་བརྟན་ བསམ་ཆོས་གླིང་ཚུ་ནང་ བཞུགས་གནས་སྤོའི་ར་བྱོནམ་ད་ དཔོན་དང་གཅིག་ཁར་ ཁོང་ཡང་ འགྱོ་དགོཔ་སྦེ་ སྡོད་ནུག་ཟེར་ཨིན་པས།
སྐྱེས་ལོ་༡༠ ལས་ར་ འབྲུག་རྒྱལ་༢ པའི་ ཕྱག་ཞུ་སྟེ་སྡོད་མི་ དྲགོས་པ་སངས་ཀྱིས་ བཤད་མིའི་ནང་ ད་རེས་འབད་བ་ཅིན་ ན་གཞོན་ཚུ་ གཡོག་འཚོལ་བར་འགྱོཝ་ཨིན་ཟེར་ སླབ་དོ་ཡོདཔ་ཨིན་རུང་ དེ་བསྒང་ བོད་རྒྱུག་པར་འགྱོཝ་ཨིན་ཟེར་སླབ་སྟེ་ དཔོན་གྱི་སྒོ་ཁར་ མིང་ཐོ་བཀོད་དེ་ ཕྱག་ཞུ་སྡོད་པའི་ སྲོལ་སྡོད་ནུག་ཟེར་ཨིན་པས།
དེ་བཟུམ་སྦེ་ དབང་འདུས་ཆོས་གླིང་མེ་ལ་ཟེར་ བུམ་ཐང་ལུ་ བདུན་ཕྲག་༡ གི་རིང་འབད་བའི་ དུས་སྟོན་ཅིག་ བརྩི་སྲུང་འབད་ནི་ཡོདཔ་ད་ དེ་བསྒང་ ཏི་རུ་༡ ཡོད་པ་ཅིན་ དེ་གིས་ རང་གི་ཨ་རོགས་དགའ་རོགས་ཚུ་ཡང་ཁྱིད་དེ་ བདུན་ཕྲག་༡ གི་རིང་ ག་ཅི་ཉོ་བཟའ་རུང་ ལང་ཚུགས་ཟེར་ཨིན་པས།
མ་གཞི་ཁོ་ར་ སྐྱེས་ལོ་༨༣ ལང་སོ་རུང་ ད་ལྷོའི་བར་ན་ཡང་ གཟུགས་སྟོབས་སྒྲིང་སྒྲིང་སྦེ་ར་ཡོདཔ་ད་ བློ་ཚུ་ཡང་ ལེགས་ཤོམ་སྦེ་ར་ སླབ་ཚུགསཔ་མ་ཚད་ ཞལ་འཛོམས་ཀྱི་སྐབས་ དུས་ཡུན་ཆུ་ཚོད་༢ ཀྱི་རིང་ རྩ་བར་མ་སྡོད་པར་ གསལ་བཤད་འབད་ཡོདཔ་ཨིན།
ཁོ་ར་ ཕྱག་སྒརཔ་གསརཔ་འབད་མི་ལུ་བརྟེན་ ཕྱག་སྒརཔ་གཞན་གྱི་ བཞེས་སྒོ་བཟེད་པར་འགྱོ་དགོཔ་ད་ ཕྱག་སྒརཔ་རེ་ལུ་ མིང་ངོ་མ་དང་སྦྲགས སྐྱོན་མིང་རེ་ བཏགས་ཡོད་མི་དང་འཁྲིལ་ ཕྱག་སྒརཔ་རེ་གི་དོན་ལུ་ བཞེས་སྒོ་ཚར་༢ རེ་ བཟེད་འབག་ནི་ཡོད་ཟེར་ཨིན་པས།
དེ་ལས་ བཞེས་སྒོ་ཐེབས་ཚུ་ གཞན་ལུ་བཙོང་ཡོདཔ་ཨིན་རུང་ ཕག་ཤ་སྐམ་ཚུ་ ཆག་པ་བསྡམས་ཏེ་ ཁོ་རའི་ཁྱིམ་ནང་ བསྐྱལ་བཏང་ཡི་ཟེར་ཨིན་པས།
ཤུལ་ལས་ འབྲུག་རྒྱལ་༣ པའི་སྐབས་ལུ་ དྲགོས་པ་སངས་ཀྱིས་ ཁོ་རའི་གནས་ཚང་གི་འོག་ལུ་ དམག་མི་སྦེ་སྡོད་ཡོདཔ་ད་ དེ་གི་སྐབས་ལུ་ ཁོ་གི་གནས་ཚང་དེ་ སྤེལ་དཔོན་སྦེ་ སྡོད་ཡོདཔ་ཨིན་པས།
དེ་གི་ཤུལ་ལས་ ཁོ་གིས་ དམག་སྡེའི་སྤྱི་དཔོན་གྱི་གོ་གནས་ཚུན་ ཕྱག་ཞུ་ཡོདཔ་མ་ཚད་ ཀྲོང་གསར་རྫོང་བདག་ཡང་ འབད་ཡོདཔ་ཨིན་པས།
དྲགོས་པ་སངས་ཀྱིས་ དང་ཕུ་ དཔོན་དང་ ཆེ་མཐོའི་འགོ་དཔོན་ཚུ་ལས་ གསོལ་རས་སྦེ་ གོ་བརྒྱ་ལངམ་ཅིག་ ཐོབ་ཡོདཔ་ཨིན་རུང་ གཡུས་ཁར་འགྱོ་བའི་སྐབས་ ལ་ལུ་ཅིག་ གཞན་ལུ་ གསོལ་རས་བྱིན་ཡོདཔ་ལས་ ད་རེས་ གོ་༥༠ དེ་ཅིག་ལས་མེད་ཟེར་ཨིནམ་ད་ ཁོ་ལུ་ གོང་ས་ཨོ་རྒྱན་དབང་ཕྱུག་མཆོག་གི་ ན་བཟའ་ཅིག་ཡོད་ཟེར་ སླབ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment