གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྲིད་དོན་ཚོགས་པ་གཉིས་ཆ་ར་ལུ་བཀའ་བཀྱོན།

༢༦/༦/༢༠༡༣   རྫོང་ཁག་བཙག་འཐུའི་རྩོད་རྙོགས་སེལ་ཐབས་ཚོགས་ཆུང་གིས་འབད་བ་ཅིན་ སྲིད་ཚོགས་གཉིས་ཆ་ར་ལུ་ འཛོལ་བ་འདུག་ཟེར་ཨིན་པས།
༉ ཁ་ཙ་ བཀྲིས་སྒང་རྫོང་ཁག་བཙག་འཐུའི་རྩོད་རྙོགས་སེལ་ཐབས་ཚོགས་ཆུང་གིས་ གྲོས་ཆོད་ཅིག་ བཏོན་མིའི་ནང་ སྤྱིར་བཏང་བཙག་འཐུའི་དོན་ལུ་ དོ་འགྲན་འབད་མི་ འབྲུག་ཕུན་སུམ་ཚོགས་པ་དང་ མི་སེར་དམངས་གཙོ་ཚོགས་པ་གཉིས་ཆ་ར་ འཛོལ་བའི་ལམ་ཕྱོགས་ཞུགས་ཡོདཔ་ལས་ བཀའ་བཀྱོན་གནང་ཡོདཔ་ཨིན་པས།


དེ་ཡང་ འབྲུག་ཕུན་སུམ་ཚོགས་པ་གིས་ མི་སེར་དམངས་གཙོ་ཚོགས་པ་ལུ་ སྲིད་ཚོགས་མཉམ་བསྡོམས་དང་ ལུང་ཕྱོགས་སོ་སོར་ཕྱེ་བའི་ ཁ་ཉེས་བཀལ་མི་ཚུ་གི་ གྲོས་ཆོད་བཏོན་ཡོདཔ་ད་ ཁ་ཉེས་ཚུ་གི་ རྒྱབ་སྣོན་སྦེ་ བཀང་ལུང་-བསམ་མཁར་-ཨུ་མཛོ་རོང་འདེམས་ཁོངས་ཀྱི་ འདེམས་ངོ་ནོར་བུ་དབང་ཕྱུག་གིས་ མི་སེར་ཚུ་ལུ་ མི་སེར་དམངས་གཙོ་ཚོགས་པ་དང་ འབྲུག་མཉམ་རུབ་ཚོགས་པ་ འབྲུག་སྤྱིར་དབང་ཚོགས་པ་གསུམ་ མཉམ་བསྡོམས་འབད་དེ་ བཟའ་ཚང་གཅིག་ལུ་ གྱུར་ཡོད་པའི་སྐོར་ གསལ་བཤད་འབད་མི་དེ་ སྒྲ་བཟུང་ཐོག་ལས་ སྒྲུབ་བྱེད་སྦེ་ བཙག་འཐུའི་རྩོད་རྙོགས་སེལ་ཐབས་ཚོགས་ཆུང་ལུ་ བཙུགས་ཡོདཔ་ཨིན་པས།
ནོར་བུ་དབང་ཕྱུག་གིས་ གསལ་བཤད་དེ་ཡང་ སྤྱི་ཟླ་༦ པའི་ཚེས་༡༣ ལུ་ ཨུ་མཛོ་རོང་རྒེད་འོག་ གདན་ཙ་ལོ་དང་ དྲོད་ཕུ་ལུ་འབད་ཡོདཔ་ཨིན་པས།
རྫོང་ཁག་བཙག་འཐུའི་རྩོད་རྙོགས་སེལ་ཐབས་ཚོགས་ཆུང་གིས་འབད་བ་ཅིན་ འབྲུག་ཕུན་སུམ་ཚོགས་པ་གིས་ གསལ་བཤད་ལུ་ གཡིབ་སྟེ་ཉན་མི་ལུ་ འཛོལ་བ་ཡོད་པའི་ཁར་ མི་སེར་དམངས་གཙོ་ཚོགས་པ་གིས་ སྲིད་ཚོགས་མཉམ་བསྡོམས་དང་ ལུང་ཕྱོགས་བཟུང་བའི་སྐོར་ སླབ་མི་ལུ་བརྟེན་ འཛོལ་སོ་ནུག་ཟེར་ཨིན་པས།
དེ་མ་ཚད་ མི་སེར་དམངས་གཙོ་ཚོགས་པ་གིས་ མི་སེར་ཚུ་ འབྲུག་ཕུན་སུམ་ཚོགས་པའི་ ཞལ་འཛོམས་ནང་ བཅའ་མར་གཏོགས་ནི་ལས་ བཀག་ཐབས་འབད་བའི་ འཛོལ་བ་ཡང་འདུག་ཟེར་ བཙག་འཐུའི་རྩོད་རྙོགས་སེལ་ཐབས་ཚོགས་ཆུང་གི་ གྲོས་ཆོད་ནང་བཀོད་ནུག།
གྲོས་ཆོད་དང་འཁྲིལཝ་ད་ འབྲུག་ཕུན་སུམ་ཚོགས་པ་གིས་ ནོར་བུ་དབང་ཕྱུག་ལུ་ སྲིད་ཚོགས་མཉམ་བསྡོམས་དང་ ལུང་ཕྱོགས་བཟུང་བའི་སྐོར་ ཁ་ཉེས་བཀལ་མིའི་ རྒྱབ་སྣོན་ལུ་ སྒྲ་བཟུང་འབད་མི་དེ་ བྱ་བལྟ་བའི་ ལཱ་བྱ་ཅིག་ཨིནམ་ལས་ སྒྲུབ་བྱེད་སྦེ་ ལག་ལེན་འཐབ་ནི་གི་ འོས་བབ་མེད་མི་ལུ་བརྟེན་ ངོས་ལེན་འབད་མ་ཚུགས་ཟེར་ཨིན་པས།
སྒྲ་བཟུང་མི་དང་འཁྲིལཝ་ད་ སྲིད་ཚོགས་མཉམ་བསྡོམས་དང་ ལུང་ཕྱོགས་བཟུང་བའི་ ཁ་ཉེས་བཀལ་མི་ཚུ་ལུ་ བདེན་ཁུངས་ཡོད་རུང་ གསང་བའི་ཐོག་ལས་ སྒྲ་བཟུང་ནི་དེ་གིས་ སྒྲུབ་བྱེད་སྦེ་ ངོས་ལེན་འབད་ཐབས་མ་བྱུང་ཟེར་ བཀྲིས་སྒང་གི་རྫོང་བདག་ ལུང་བསྟན་རྡོ་རྗེ་གིས་ བཤདཔ་མ་ཚད་ གཡིབ་སྟེ་ཉན་མི་དེ་ ཁྲིམས་འགལ་གྱི་གྲངས་སུ་ཚུདཔ་ཨིན་ཟེར་ སླབ་ཨིན་པས།
དེ་འབདཝ་ད་ འབྲུག་ཕུན་སུམ་ཚོགས་པའི་ རྫོང་ཁག་འགོ་འདྲེན་པ་ མགོན་པོ་གིས་ མི་མང་གི་ གསལ་བཤད་སྒྲ་བཟུང་མི་དེ་ གསང་བའི་ཐོག་ལས་ ཉན་མིའི་གྲངས་སུ་ ཚུདཔ་ཨིན་ན་ཟེར་ དྲི་བཀོད་འབདཝ་ཨིན་པས།
བཀང་ལུང་-བསམ་མཁར་འདེམས་ཁོངས་ཀྱི་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ དཔལ་ལྡན་འཕྲིན་ལས་རྡོ་རྗེ་གིས་ཡང་ བསམ་འཆར་ཅོག་འཐདཔ་སླབ་ཨིན་རུང་ གྲོས་ཆོད་ལུ་ ངོས་ལེན་འབདཝ་ཨིན་ཟེར་ སླབ་ཨིན་པས།
ད་རུང་ གྲོས་ཆོད་ནང་ ཉོགས་བཤད་དེ་ འབྲུག་ཕུན་སུམ་ཚོགས་པའི་ རྒྱབ་སྐྱོར་པ་ཚུ་གིས་ བཀོད་ཡོདཔ་མ་གཏོགས་ འདེམས་ངོ་ལས་ མོས་མཐུན་ཡོད་པའི་སྐོར་ གསལ་བཀོད་འབད་འབདཝ་མིན་འདུག་ཟེར་ བཙག་འཐུའི་རྩོད་རྙོགས་སེལ་ཐབས་ཚོགས་ཆུང་གི་ གྲོས་ཆོད་ནང་བཀོད་ནུག།
ནོར་བུ་དབང་ཕྱུག་གིས་ སླབ་མིའི་ནང་ ཁོ་གི་ ཁ་ཐུག་ལས་ གྲོས་ཆོད་ལུ་ ངོས་ལེན་ཡོད་རུང་ བཀའ་བཀྱོན་གནང་མི་ལུ་ སེམས་མ་དགའ་ཟེར་ཨིན་པས།
ད་རུང་ བཙག་འཐུའི་རྩོད་རྙོགས་སེལ་ཐབས་ཚོགས་ཆུང་གིས་ འདེམས་ངོ་གཉིས་ཆ་ར་ལུ་ བཀའ་བཀྱོན་དེ་ ཉེན་བརྡ་མཐའ་མ་ཨིནམ་ལས་ དྲནམ་བཏོན་དགོཔ་སྦེ་ སླབ་ཡོདཔ་ད་ དེ་བཟུམ་མའི་ ལཱ་བྱ་ནན་བསྐྱར་འཐབ་མི་ ག་ཨིན་རུང་ ཁྲིམས་ལུགས་དང་འཁྲིལ་ ངོས་ལེན་དམ་སྒྲིང་འབད་ནི་ཨིན་པའི་ ཉེན་བརྡ་ཡང་བྱིན་ནུག།
བཙག་འཐུའི་རྩོད་རྙོགས་སེལ་ཐབས་ཚོགས་ཆུང་གི་ གྲོས་ཆོད་ལུ་ བསམ་པ་མ་རྫོགས་པ་ཅིན་ སྲིད་ཚོགས་གཉིས་ཆ་ར་ལུ་ ལྷན་ཚོགས་ལྟེ་བའི་ བཙག་འཐུའི་རྩོད་རྙོགས་སེལ་ཐབས་ཚོགས་ཆུང་ལུ་ མཐོ་གཏུགས་འབད་ནི་གི་ ཉིན་གྲངས་༥ ཡོདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment