གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྣུམ་འཁོར་གྱི་བསྐྱིན་འགྲུལ་ བཀག་ཆ་འབད་རུང་ སྣུམ་འཁོར་ཚུ་ ནང་འདྲེན་འབད་དེ་ར་ཡོདཔ།

༢༢/༦/༢༠༡༣   ༉ ན་ཧིང་ སྤྱི་ཟླ་༣ པའི་ བར་སྐབས་ཅིག་ལས་ རྒྱལ་ཁབ་ནང་ རྒྱ་གར་གྱི་ཏི་རུ་ རུ་པིའི་དཀའ་ངལ་ལུ་ གདོང་ལེན་འབད་ནིའི་དོན་ལུ་ སྣུམ་འཁོར་ཉོ་ནིའི་ བསྐྱིན་འགྲུལ་ཚུ་ མཚམས་འཇོག་འབད་ཡོདཔ་ཨིན་རུང་ ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་གྱི་ ཐོ་བཀོད་དང་འཁྲིལཝ་ད་ ན་ཧིང་ སྤྱི་ཟླ་༦ པ་ལས་ དུས་ཅི་ སྤྱི་ཟླ་༥ པ་ཚུན་ལུ་ འཕྲུལ་གླང་པ་ཝར་ཊི་ལར་ཚུ་བརྩིས་པའི་ སྒེར་འཁོར་༡,༠༡༤ དེ་ཅིག་ ནང་འདྲེན་འབད་ཡོདཔ་ཨིན་པས།


དེ་བཟུམ་སྦེ་ ཚོང་འབྲེལ་གྱི་དོན་ལུ་ སྣུམ་འཁོར་༡༤༣ དང་ གཞུང་འཁོར་༢༡༤ དེ་ཅིག་ ནང་འདྲེན་འབད་ཡོདཔ་སྦེ་ ཐོ་བཀོད་འབད་ནུག།
དབང་འཛིན་གྱི་ འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ གོང་གི་དུས་ཚོད་དེ་ནང་ རྒྱལ་ཁབ་ནང་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ ལས་འགུལ་ཚུ་གིས་ འཕྲུལ་ཆས་ཚུ་ ནང་འདྲེན་འབད་དེ་ སྒེར་འཁོར་སྦེ་ ཐོ་བཀོད་འབད་མི་༡,༧༠༣ དང་ གཞུང་གིས་ ནང་འདྲེན་འབད་མི་འཕྲུལ་ཆས་༢༤༨ འདུག་ཟེར་ཨིན་པས།
སྤྱི་ལོ་༢༠༡༢ ལུ་ གཞུང་དང་ སྒེར་གྱི་སྣུམ་འཁོར་དང་ འཕྲུལ་ཆས་ཚུ་བརྩིས་ཏེ་ སྣུམ་འཁོར་བསྡོམས་༤,༧༥༢ ཐོ་བཀོད་འབད་ཡོད་མི་དེ་ སྤྱི་ལོ་༢༠༡༡ ལུ་ སྣུམ་འཁོར་༥,༥༦༥ ཐོ་བཀོད་འབད་མི་དང་ཕྱདཔ་ད་ བརྒྱ་ཆ་༡༥ གིས་ མར་བབས་སོང་ཡོདཔ་ཨིན་པས།
ཐོ་བཀོད་འབད་མི་ སྣུམ་འཁོར་ཚུ་གི་དོན་ལུ་ སྤྱི་ཚོགས་ཀྱིས་ གྲོས་ཐག་བཅད་མི་དང་འཁྲིལ་ འཕྲུལ་ཆས་ཚུ་གི་ ཤུགས་ཚད་དང་འབྲེལ་བའི་ ཁྲལ་ཚུ་ བཏབ་ཡོདཔ་ཨིན་རུང་ གློག་རིག་སྣུམ་འཁོར་ཚུ་གི་དོན་ལུ་ ཁྲལ་དེ་ ཡངས་ཆག་འབད་ཡོདཔ་ཨིན་པས།
སྤྱི་ལོ་༢༠༠༢ ལུ་ སྣུམ་འཁོར་༡,༡༠༣ དེ་ཅིག་ལས་བརྒལ་ ནང་འདྲེན་མ་འབད་རུང་ སྤྱི་ལོ་༢༠༡༡ ལུ་༢,༨༩༣ ནང་འདྲེན་འབད་མི་ཚུ་ དམིགས་བསལ་དུ་ རྒྱ་གར་རྒྱལ་ཁབ་ནང་ལས་ཨིནམ་ལས་ རྒྱ་གར་གྱི་ཏི་རུ་ རུ་པི་དེ་ རྒྱ་ཆེ་དྲགས་སྦེ་ར་ ཕྱི་ཁར་བཏང་དགོཔ་ ཐོན་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༢ ཟླ་༣ པའི་ནང་ སྣུམ་འཁོར་ནང་འདྲེན་གྱི་ བསྐྱིན་འགྲུལ་ཚུ་ བཀག་ཆ་འབད་ཡོདཔ་ཨིན་པས།
ས་རྐོ་འཕྲུལ་ཆས་ཆེ་བ་ ཨེཀསི་ཀེ་བེ་ཊར་དང་ བཱུལ་ཌོ་ཟར་ དེ་ལས་ ཨེང་གཱལ་ཌོ་ཟར་ཚུ་ སྤྱི་ལོ་༢༠༠༢ ལུ་༤ མ་གཏོགས་ ནང་འདྲེན་མ་འབད་རུང་ རྒྱལ་ཁབ་ནང་ བཟོ་སྐྲུན་གྱི་ལཱ་ རྒྱ་ཆེ་དྲགས་སྦེ་ འགོ་འདྲེན་འཐབ་མི་ལུ་བརྟེན་ སྤྱི་ལོ་༢༠༡༡ ལུ་༣༣༡ ནང་འདྲེན་འབད་ཡོད་མི་གིས་ རུ་པི་ཐེར་འབུམ་༡.༣༨ རྒྱལ་ཁབ་ཀྱི་ ཕྱི་ཁར་སོང་ཡོདཔ་ཨིན་པས།
སྣུམ་འཁོར་ཉོ་ནིའི་ བསྐྱིན་འགྲུལ་བཀག་ཆ་འབད་མི་ལུ་བརྟེན་ ཚོང་འབྲེལ་ལས་སྡེ་ཚུ་ལུ་ གནོད་པ་སྦོམ་བྱུང་ཡོདཔ་ད་ འབྲུག་ཚོང་འབྲེལ་ལས་འཛིན་བཟུམ་ཅིག་ནང་འབད་བ་ཅིན་ ལས་བྱེདཔ་༢༥ ལས་༢ ལུ་ མར་ཕབ་འབད་དགོཔ་ ཐོན་ཡོདཔ་མ་ཚད་ སྣུམ་འཁོར་ཚོང་འབྲེལ་མེན་པར་ ཉམས་བཅོས་དང་ ཅ་ཆས་ཐེབས་ཚུ་གི་ ཚོང་འབྲེལ་ཚུ་ལུ་ གཙོ་བོར་བཏོན་དགོཔ་ ཐོན་ཡོདཔ་ཨིན་པས།
ས་གནས་ཀྱི་ སྣུམ་འཁོར་ཚོང་འབྲེལ་ལས་སྡེ་ གཟིམ་སྒྲ་དང་ བསམ་ལྡན་ཚུ་གིས་ ཧེ་མ་འབད་བ་ཅིན་ ཟླཝ་རེ་ནང་ སྣུམ་འཁོར་༥༠ ལས་༦༠ དེ་རེ་ བཙོང་དོ་ཡོདཔ་ཨིན་རུང་ སྤྱི་ལོ་༢༠༡༢ ཟླ་༦ པ་ལས་འགོ་བཙུགས་ ཟླཝ་རེ་ལུ་ སྣུམ་འཁོར་༤ དང་༥ མ་གཏོགས་ བཙོང་མ་ཚུགསཔ་ཨིན་པས།
སྣུམ་འཁོར་ཚོང་འབྲེལ་བ་ཚུ་གིས་ སྣུམ་འཁོར་ཚུ་ ཟླ་རིམ་བཙུགས་ཐེངས་ཐོག་ བཙོང་ནི་འགོ་བཙུགས་ཡོདཔ་ཨིན་རུང་ དེ་ནང་ ཚོང་མགྲོན་པ་ལས་ བློ་གཏད་ཅན་གྱི་ གཏའ་མ་ཚུ་ དགོཔ་ཡོད་མི་ལུ་བརྟེན་ མི་མང་ཤོས་ཅིག་གིས་ར་ ཉོ་མ་ཚུགསཔ་ཨིན་པས།
སྣུམ་འཁོར་ཉོ་འདྲེན་འབད་ནིའི་ བསྐྱིན་འགྲུལ་ཚུ་ བཀག་ཆ་འབད་མི་ལུ་བརྟེན་ འོང་འབབ་དང་ ཅ་དམ་ལས་ཁུངས་ཀྱིས་ བསྡུ་ལེན་འབད་མི་ ཁྲལ་གྱི་ཚད་གཞི་ལུ་ཡང་ གནོད་པ་བྱུང་ཡོདཔ་ཨིན་པས།
དུས་ཅི་ སྤྱི་ཟླ་༥ པའི་ཚེས་༣༡ ཚུན་ལུ་ རྒྱལ་ཁབ་ནང་ སྣུམ་འཁོར་༦༧,༧༦༩ དེ་ཅིག་ ཐོ་བཀོད་འབད་ཡོད་ས་ལས་༣༦,༡༩༦ ཐིམ་ཕུ་ལུ་དང་༢༤,༥༣༢ ཕུན་ཚོགས་གླིང་ལུ་ དགེ་ལེགས་ཕུག་ལུ་༣,༡༤༡ དེ་ལས་ བསམ་གྲུབ་ལྗོངས་མཁར་ལུ་༣,༩༩༠ ཡོདཔ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment