གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོམ་སྒྲིག་པའི་སྣང་འཆར།

༢༠/༦/༢༠༡༣   གོ་བརྡ་འཕྲོད་མ་ཚུགས་པ་ཅིན་ ཕན་ཁྱད་མི་འོང་ནི།
༉ བསམ་རྩེ་རྫོང་ཁག་ ཨྱོན་རྩེ་-འོད་གསལ་རྩེ་འདེམས་ཁོངས་ཀྱི་ སྲིད་དོན་ཚོགས་པ་གཉིས་ཆ་རའི་ འདེམས་ངོ་༢ ཀྱིས་ བཙག་འཐུ་འགོ་དཔོན་ཚུ་ལུ་ ཁོང་གི་ སྤྱིར་བཏང་གྲོས་འཛོམས་འགོ་འདྲེན་འཐབ་ནི་དེ་ ཆ་མེད་བཏང་དགོཔ་སྦེ་ ཡིག་ཐོག་ལུ་ ཞུ་བ་འབད་ཡོདཔ་མ་ཚད་ ཁ་ཙ་ཡང་ ཕུན་ཚོགས་དཔལ་རི་-བསམ་རྩེ་འདེམས་ཁོངས་ཀྱི་ འདེམས་ངོ་ཅིག་གིས་ཡང་ མོ་ སྤྱིར་བཏང་གྲོས་འཛོམས་ནང་ བཅའ་མར་མི་གཏོགས་ནི་སྦེ་ ངོས་ལེན་འགོ་དཔོན་ལུ་ སྙན་ཞུ་འབད་ནུག།


སྲིད་དོན་པ་ཚུ་གིས་ སྤྱིར་བཏང་གྲོས་འཛོམས་འགོ་འདྲེན་འཐབ་མ་དགོཔ་སྦེ་ སླབ་མི་དེ་ཡང་ མི་སེར་གྱི་ མཐའ་དོན་ལུ་དམིགས་ཏེ་ཨིན་མི་དེ་ཡང་ གྲོང་གསེབ་མི་སེར་ཚུ་ སོ་ནམ་གྱི་ ལཱ་འབད་བའི་ ནམ་དུས་ལུ་ བར་ཆད་མི་རྐྱབ་ནི་དང་ འགོ་འདྲེན་འཐབ་རུང་ ཁོང་གིས་ སླབ་མི་དེ་ གོ་བརྡ་འཕྲོད་མི་ཚུགས་ནི་ཨིནམ་ལས་ ཁུངས་ཅིག་མི་འོང་ནི་མས་ཟེར་མནོ་སྟེ་ཨིན་མས།
ཁ་བདེ་ལྕེ་བདེ་ཡོད་མི་ གསལ་བཤད་པ་ཚུ་ལུ་ འདི་བཟུམ་མའི་ གྲོས་འཛོམས་ཚུ་ལུ་ སྤྲོ་བ་སྦོམ་བསྐྱེདཔ་ཨིན་རུང་ ཁ་སྐད་ལེགས་ཤོམ་མ་ཤེས་མི་ འདེམས་ངོ་ཚུ་དང་ ཧ་གོ་མ་ཚུགས་མི་ ཚོགས་རྒྱན་སྐྱུར་མི་ཚུ་གི་དོན་ལུ་ རྡོ་གུ་ ཆུ་བླུགས་དོ་བཟུམ་ཅིག་ཨིནམ་ལས་ སྤྱིར་བཏང་གྲོས་འཛོམས་འགོ་འདྲེན་མ་འཐབ་རུང་ ཁྱད་མེདཔ་བཟུམ་ཅིག་སྦེ་ བརྩི་འཇོག་འབདཝ་ཨིན་མས།
འདེམས་ངོ་ཚུ་གིས་ གྲོས་འཛོམས་མིན་པར་ ཁྱིམ་སྒོ་བཤལ་ཏེ་ བསྐུལ་བསྒྲགས་འབད་བ་ཅིན་ མི་སེར་ཚུ་ཡང་ ཕྱད་ཚུགསཔ་མ་ཚད་ འདེམས་ཁོངས་ཀྱི་ གནད་དོན་ཚུ་དང་འབྲེལ་བའི་ གྲོས་བསྡུར་ཡང་འབད་ཚུགས་པའི་ ཕན་ཐབས་འདུག་ཟེར་ཨིན་མས།
ཨིན་རུང་ ཚོགས་རྒྱན་སྐྱུར་མི་ ལ་ལུ་ཅིག་གི་དོན་ལུ་ སྤྱིར་བཏང་གྲོས་འཛོམས་དེ་ ཁག་ཆེཝ་སྦེ་ ཆ་གནས་འབད་དོ་ཡོད་མི་དེ་ཡང་ གྲོས་འཛོམས་སྐབས་ མི་སེར་ཚུ་གིས་ དྲི་བ་བཀོད་ནི་གི་ གོ་སྐབས་ཐོབ་པའི་ཁར་ འདེམས་ངོ་ཚུ་གི་ ཁ་ཐུག་ལས་ དོགས་སེལ་འབད་ནི་གི་ གྲོས་གནས་ཅིག་ཡང་ཨིནམ་ད་ དེ་གིས་ འདེམས་ངོ་གི་ ལྕོགས་གྲུབ་དང་ འཇོན་ཐངས་ཚུ་ གསལ་སྟོན་འབད་ནི་དེ་གིས་ཨིན་མས།
དེ་མ་ཚད་ ཁ་ཙ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ འདེམས་ཁོངས་ལ་ལུ་ཅིག་ནང་ སྤྱིར་བཏང་གྲོས་འཛོམས་འགོ་འདྲེན་འཐབ་མ་དགོཔ་སྦེ་ ཞུ་བ་འབད་མི་ལུ་ ཚ་གྱང་ཡོད་རུང་ ངེས་པར་དུ་ གྲོས་འཛོམས་འབད་དགོཔ་མེད་ཟེར་ གནས་ཚུལ་གསལ་སྟོན་ནང་ བཀོད་ནུག། ལྷན་ཚོགས་ཀྱིས་འབད་བ་ཅིན་ སྤྱིར་བཏང་གྲོས་འཛོམས་འགོ་འདྲེན་འཐབ་དགོ་མི་དེ་ མི་སེར་ཚུ་ སྲིད་ཚོགས་སོ་སོའི་ འཛོམས་འདུ་ནང་ བཅའ་མར་གཏོགས་མ་དགོ་པའི་ ཕན་ཐབས་ལུ་ཨིན་ཟེར་ཨིན་མས།
འདི་འབདཝ་ད་ སྤྱིར་བཏང་གྲོས་འཛོམས་དེ་ རྒྱལ་ཡོངས་སྐད་ཡིག་ནང་ འབད་དགོཔ་ད་ འདེམས་ངོ་ལ་ལུ་ཅིག་གིས་ སྐད་ཡིག་ལེགས་ཤོམ་སྦེ་ མ་ཤེས་པའི་ཁར་ ཚོགས་རྒྱན་བཙུགས་མི་ཚུ་གིས་ཡང་ གོ་རྟོགས་བྱུང་མ་ཚུགསཔ་ད་ གསལ་བཤད་འབད་མི་དང་ ཉན་མི་གཉིས་ཆ་རའི་ དུས་ཚོད་འཕྲོ་བརླག་འགྱོ་ནི་དང་ ལཱ་ལྟོ་ཆག་ནི་ཅིག་ར་ཨིན་མས་ཟེར་ སྲིད་དོན་པ་དང་ ཚོགས་རྒྱན་སྐྱུར་མི་ཚུ་གིས་ སླབ་ཨིན་མས།
ཨིན་རུང་ འདེམས་གོ་ཚུ་གི་བར་ན་ རྩོད་བསྡུར་འབད་བའི་ཤུལ་ལས་ དྲི་བ་དྲིས་ལན་ཅིག་ འབད་སྲོལ་ཡོད་མི་དེ་ལུ་ ཚོགས་རྒྱན་བཙུགས་མི་ཚུ་གི་ ཁ་ཐུག་ལས་འབད་རུང་ ངོས་ལེན་ལེགས་ཤོམ་འབདཝ་ཨིན་མས།
སྤྱིར་བཏང་གྲོས་འཛོམས་ལུ་ སྤྲོ་བ་མ་བསྐྱེད་མི་དེ་ ཁ་སྐད་ལུ་བརྟེན་ཨིན་པ་ཅིན་ འབྲེལ་ཡོད་དབང་འཛིན་གྱིས་ ཐབས་ལམ་ཅིག་ བཏོན་དགོཔ་ཨིན་རུང་ འདི་དང་གཅིག་ཁར་ འབྲུག་རྒྱལ་ཁབ་ཀྱི་ ངོ་རྟགས་ཨིན་མི་ རྒྱལ་ཡོངས་སྐག་ཡིག་ རྫོང་ཁ་མི་ཉམས་གོང་འཕེལ་དང་ དར་ཁྱབ་གཏང་ནི་དེ་ཡང་ གལ་ཆེ་ཟེར་ ཞུ་ནི་ཨིན།

No comments:

Post a Comment