གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྐྱེངས་མཁར་- ཝེ་རིང་ལ་གི་འདེམས་ངོ་༢ ཀྱིས་ ཞི་བདེའི་རྩོད་འགྲན།

༢༤/༦/༢༠༡༣    ༉ མོང་སྒར་རྫོང་ཁག་ནང་ འདེམས་ངོ་ལ་ལུ་ཅིག་གི་བར་ན་ རྩོད་འགྲན་ཚུ་ རྒྱ་ཆེཝ་འབད་ར་ བྱུང་དོ་ཡོདཔ་ཨིན་རུང་ སྐྱེངས་མཁར་- ཝེ་རིང་ལ་གི་ འདེམས་ངོ་༢ ཀྱི་བར་ན་ དེ་བཟུམ་གྱི་ རྩོད་འགྲན་བྱུང་ས་མ་མཐོངམ་ཨིན་པས།
མོང་སྒར་སྐྱེངས་མཁར་-ཝེ་རིང་ལ་གི་ འདེམས་ངོ་རིག་འཛིན་རྒྱ་མཚོ་དང་ བསོད་ནམས་རྒྱ་མཚོ་༢ ཀྱི་བར་ན་ རྩོད་བསྡུར་འབད་བའི་བསྒང་།


དེ་ཡང་ འབྲུག་ཕུན་སུམ་ཚོགས་པའི་ འདེམས་ངོ་ སྐྱེས་ལོ་༣༤ ལང་མི་ རིག་འཛིན་རྒྱ་མཚོ་དང་ དམངས་གཙོ་ཚོགས་པའི་འདེམས་ངོ་ སྐྱེས་ལོ་༢༦ ལང་མི་ བསོད་ནམས་རྒྱ་མཚོ་༢ ཀྱིས་ ཁོང་རའི་སྲིད་ཚོགས་ཀྱི་ལྟ་བ་དང་ དམིགས་ཡུལ་ཚུ་ར་ གསལ་བཤད་འབད་ནི་མ་གཏོགས་ འདེམས་ངོ་གཞན་ཚུ་བཟུམ་སྦེ་ གཅིག་གིས་གཅིག་ལུ་ ངལ་མ་རངསམ་བཟུམ་གྱི་ རྩོད་བསྡུར་འབད་ནི་མིན་འདུག་ཟེར་ མི་སེར་ཚུ་གིས་ སླབ་ཨིན་པས།
མི་སེར་ཚུ་གིས་སླབ་མིའི་ནང་ སྐྱེངས་མཁར་- ཝེ་རིང་ལ་འདེམས་ཁོངས་དེ་ མཐའ་ཟུར་ཅིག་འབད་མི་ལུ་བརྟེན་ ལུང་ཕྱོགས་གོང་འཕེལ་བཏང་ཚུགས་ཐབས་ལུ་ འདེམས་ངོ་དེ་ ལྕོགས་གྲུབ་ཅན་ཅིག་ར་ བཙག་འཐུ་འབད་ནི་ཟེར་ཨིནམ་ད་ བཙག་འཐུ་འགྲུབ་ཐབས་ལུ་ ཚོགས་རྒྱན་ཡང་ ག་ལུ་བཙུགས་ནི་ཨིན་ན་ གྲ་སྒྲིག་འབད་དེ་ཡོད་ཟེར་ཨིན་པས།
འདེམས་ཁོངས་དེ་ནང་གི་ མི་སེར་མང་ཤོས་ཅིག་གིས་ ཚོགས་རྒྱན་གྱི་ཐག་བཅད་ཡོདཔ་ལས་ སྲིད་ཚོགས་གཅིག་གིས་གཅིག་ལུ་ ངལ་མ་རངས་པའི་སྐོར་ལས་ ལོ་རྒྱུས་ཚུ་སླབ་སྟེ་ མི་སེར་ཚུ་དཀྲོགས་ནི་དཔའ་བཅམ་རུང་ འགྱུར་བ་འགྱོ་མི་ཚུགས་ཟེར་ཨིན་པས།
སྐྱེངས་མཁར་ལས་ སོ་ནམ་པ་ དར་རྒྱས་ཀྱིས་སླབ་མིའི་ནང་ མི་སེར་མང་ཤོས་ཅིག་གིས་ ཚོགས་རྒྱན་བཙུགས་ནི་དེ་ གྲ་སྒྲིག་ཡོད་མི་ལུ་བརྟེན་ ཕན་ཐོགས་ཅན་གྱི་སྲིད་ཚོགས་དང་ འདེམས་ངོ་དེ་ལུ་ ཚོགས་རྒྱན་བཙུགས་ནི་ཟེར་ཨིན་པས།
ཨ་ལུ་༥ གི་ཨའི་ཅིག་གིས་ སླབ་མིའི་ནང་ མོ་གི་དོན་ལུ་ ཚོགས་རྒྱན་དེ་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ལུ་ བཙུགས་ནི་གི་ འོས་འབབ་ཡོད་མི་དེ་ཡང་ མི་སེར་ཉམ་ཆུང་གི་ཨ་ལུ་ཚུ་ ཁོ་གིས་ ཐིམ་ཕུ་ལུ་ མཐའ་སྐྱོང་འབད་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
མི་སེར་ལ་ལུ་ཅིག་གིས་ སླབ་མིའི་ནང་ མི་སེར་ཚུ་ལུ་ ཐད་ཀར་དུ་ཕན་ཐོགས་ཚུགས་པའི་ སྲིད་ཚོགས་དེ་ མི་སེར་དམངས་གཙོ་ཚོགས་པ་ འོང་ནི་ཨིནམ་ལས་ ཁོང་གི་ཁས་བླངས་ནང་ཚུད་མི་ སྣུམ་འཁོར་ བཱོ་ལི་རོ་ འཕྲུལ་གླང་པཱ་ཝར་ཊི་ལར་ཚུ་ ངེས་པར་དུ་དགོཔ་ཡོདཔ་ལས་ མི་སེར་དམངས་གཙོ་ཚོགས་པ་ལུ་ རྒྱབ་སྐྱོར་ཡོད་ཟེར་ཨིན་པས།
རེ་ས་གཡུས་ཚན་ལས་ སོ་ནམ་པ་ཅིག་གིས་ སླབ་མིའི་ནང་ རེ་སའི་འཁོར་ལམ་དེ་ ད་ལྟོའི་བར་ན་ཡང་ སེལ་མ་ཚུགས་པར་བཞག་ཡོདཔ་ལས་ ལམ་སེལ་ནི་ལུ་ མི་སེར་དམངས་གཙོ་ཚོགས་པ་དྲག་ནི་བཟུམ་ཅིག་ཡོདཔ་ལས་ ཚོགས་པ་དེ་ལུ་ རྒྱབ་སྐྱོར་ཡོད་ཟེར་ཨིན་པས།
རྒྱལ་ཁ་ག་གིས་འཐོབ་རུང་ འབྲུག་ཕུན་སུམ་ཚོགས་པ་དང་ མི་སེར་དམངས་གཙོ་ཚོགས་པའི་ འདེམས་ངོ་༢ ཀྱིས་ ཚོགས་རྒྱན་གྱི་དོན་ལུ་ གསལ་བསྒྲགས་ཚུ་འབད་བའི་བསྒང་ཡོདཔ་ད་ སྤྱི་ཟླ་༦ པའི་ཚེས་༢༢ ལུ་ མི་མང་རྩོད་འགྲན་སྐབས་ལུ་ རིག་འཛིན་རྒྱ་མཚོ་གིས་ སླབ་མིའི་ནང་ ཁོ་གིས་ བཙག་འཐུ་འགྲུབ་ཚུགས་པ་ཅིན་ གྲོང་གསེབ་ཀྱི་མི་སེར་ཚུ་ འུ་སྡུག་ཡང་ཕྲ་བའི་ནང་ལས་གཏོན་ནི་ ཁྲོམ་ཁར་སྡོད་མི་ཚུ་ལུ་ བདེ་ཐབས་བསྒྲིག་ནི་ ལཱ་གཡོག་གི་དཀའ་ངལ་སེལ་ནི་ གཞུང་གཡོགཔ་དང་ ཞི་གཡོགཔ་ཚུ་ལུ་ རྒྱལ་ཁབ་ཀྱི་འགྱུར་བ་དང་འཁྲིལ་ དཀའ་ངལ་གྱི་ཉིན་འཐུས་སྤྲོད་ནི་ཟེར་ཨིན་པས།
དཔལ་འབྱོར་གོང་འཕེལ་འདྲ་མཉམ་གཏང་ནི་དང་ ཆོས་སྡེ་ལུ་ མཐུན་རྐྱེན་ཕུལ་ནི་ མོང་སྒར་ཁྲོམ་གྱི་འཐུང་ཆུའི་དཀའ་ངལ་ བསལ་ཐབས་བསྒྲིག་ནི་ ལྷན་ཁག་དང་ ལས་སྡེ་གཞི་བཙུགས་འབད་ནི་ལུ་ གཙོ་བོ་གཏོན་ནི་ མོང་སྒར་དེ་ གཞུང་ལམ་རྒྱ་གྲམ་ལྔ་ནང་ཚུད་ཡོདཔ་ལས་ ཁྲོམ་སྦོམ་ཤོས་ཅིག་ལུ་ བཟོ་ནི་ཟེར་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ བསོད་ནམས་རྒྱ་མཚོ་གིས་ སླབ་མིའི་ནང་ ཁྱིམ་རེ་བཞིན་དུ་ བསྐུལ་བསྒྲགས་འབད་བར་འགྱོཝ་ད་ མི་སེར་ཚུ་གིས་ ཐད་དཀར་དུ་ ཕན་ཐོགས་པའི་ཁས་བླངས་ཨིན་མས་ཟེར་ སླབ་དོ་ཡོདཔ་ལས་ ཁོང་གི་ཧོངས་ལས་འབད་རུང་ ཁས་བླངས་ཚུ་ འགྲུབ་ཚུགས་ཟེར་ཨིན་པས།
ཚོགས་པའི་ལྟ་བ་དེ་ དབང་ཚད་ཕྱིར་སྤེལ་ སྤྲོད་ནི་དེ་ཨིནམ་ལས་ བདག་སྐྱོང་དང་ དངུལ་འབྲེལ་དབང་ཚད་ཚུ་ ས་གནས་གཞུང་ལུ་སྤྲོད་ནི་ སྒེར་སྡེ་ལུ་ དཔལ་འབྱོར་དབང་ཚད་སྤྲོད་ནི་ ན་གཞོན་གྱི་ ལཱ་གཡོག་གི་དཀའ་ངལ་སེལ་ནི་ རྒྱལ་ཁབ་ནང་ འོང་འབབ་བཟོ་ཐབས་ལུ་ རྒྱན་ཤོག་ལོག་འགོ་བཙུགས་ནི་ཟེར་ཨིན་པས།
རིག་འཛིན་རྒྱ་མཚོ་གིས་ དྲི་བ་བཀོད་མིའི་ནང་ མི་སེར་དམངས་གཙོ་ཚོགས་པའི་ནང་ ན་གཞོན་ཚུ་གིས་ གོ་སྐབས་མ་འཐོབ་མི་དེ་ ག་ཅི་ཨིན་ན་དང་ ཚོགས་པ་དེ་གིས་ བུན་ལོན་ཚད་ལས་བརྒལ་ལེན་ནུག་ཟེར་ སླབ་དོ་ཡོད་པའི་ཁར་ ལོག་ཅིག་ཁ་ལུ་ གནམ་གྲུ་དང་ བཱོ་རི་ལོ་ མར་ཁུ་བླུགས་ས་ འཕྲུལ་གླང་པཱ་ཝར་ཊི་ལར་ཚུ་ སྤྲོད་ནི་ཟེར་ཨིནམ་ལས་ དེ་ཚུ་ལག་ལེན་ག་གིས་འཐབ་ནི་དང་ ག་གིས་བཙུགས་ནི་སྨོ་ཟེར་ཨིན་པས།
དེ་གི་ལན་ལུ་ བསོད་ནམས་རྒྱ་མཚོ་གིས་ སླབ་མིའི་ནང་ གནམ་གྲུ་སྦོམ་མེན་པར་ ཧེ་ལི་ཀྲོབ་ཊར་དང་ བཱོ་ལི་རོ་མེན་པར་ སྣུམ་འཁོར་ཟེར་ ཡོདཔ་མ་ཚད་ མར་ཁུ་བླུགས་མཛོད་ཁང་ཡང་ སྦོམ་བཙུགས་ནི་མེན་པར་ ཆུང་ཀུ་ཨིནམ་ལས་ ལཱ་འབད་ཚུགས་ཟེར་ཨིན་པས།
བསོད་ནམས་རྒྱ་མཚོ་གིས་ རིག་འཛིན་རྒྱ་མཚོ་དེ་ བསོད་ནམས་དཔལ་འབྱོར་གྱི་ཚབ་སྦེ་ ག་ཅི་སྦེ་ཐོན་ཡི་ག་དང་ མི་སེར་གྱི་རེ་བ་དེ་ བསོད་ནམས་དཔལ་འབྱོར་ བློན་པོ་འཐོབ་ནིའི་རེ་བ་བསྐྱེད་སྡོད་ནུག་ཟེར་ཨིནམ་ད་ ཡང་ཅིན་ ཁོ་བ་དྲགཔ་སྦེ་ ཕྱག་ཞུ་ཚུགས་ཟེར་ ཐོན་ཐོནམ་ཨིན་ན་ཟེར་དྲི་བ་བཀོད་ཅི།
རིག་འཛིན་རྒྱ་མཚོ་གིས་ བློན་པོ་བསྐོ་བཞག་འབད་ནིའི་དབང་ཚད་དེ་ མི་སེར་ཚུ་ལུ་མེད་ཟེར་ཨིནམ་ད་ ཁོ་ར་ཚབ་སྦེ་ཐོན་མི་དེ་ ཐུགས་མཐུན་ཁྲིམས་གཙང་ཐོག་ལས་ཨིན་ཟེར་ཨིནམ་ད་ ཁོ་གིས་ ཧེ་མའི་འདེམས་ངོ་ལས་དྲགཔ་སྦེ་ ཕྱག་ཞུ་མ་ཚུགས་རུང་ མཉམ་རུབ་ཐོག་ལས་ ཕྱག་ཞུ་ནི་ཟེར་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment