གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕུན་སུམ་ཚོགས་པ་གིས་ དམངས་གཙོ་ཚོགས་པ་ལུ་ཉེས་འཛུགས།

༢༨/༦/༢༠༡༣   ༉ མི་སེར་དམངས་གཙོ་ཚོགས་པ་གིས་ སྤྱི་ཟླ་༦ པའི་ཚེས་༢༦ ལུ་ ཐིམ་ཕུ་ལུ་བརྡ་བརྒྱུད་ཞལ་འཛོམས་འཚོགས་པའི་སྐབས་ལུ་ འབྲུག་ཕུན་སུམ་ཚོགས་པ་གིས་ མི་སེར་དམངས་གཙོ་ཚོགས་པའི་རྒྱབ་སྐྱོར་པ་ཚུ་ སྟོབས་ཅན་དང་ དབང་ཚད་ཅན་ སྟོབས་ཤུགས་ཅན་ཚུ་ཨིན་ཟེར་བའི་ ཉེས་འཛུགས་འབད་མི་དེ་ མ་བདེན་པའི་གཏམ་ཨིན་ཟེར་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས་དང་ འདེམས་ངོ་ཚུ།


མི་སེར་དམངས་གཙོ་ཚོགས་པའི་ གཙོ་འཛིན་ཚེ་རིང་སྟོབས་རྒྱས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ འབྲུག་ཕུན་སུམ་ཚོགས་པ་གིས་ ཁོང་ལུ་ མ་བདེན་པའི་གཏམ་ལེ་ཤ་སླབ་ཡོདཔ་ལས་ མི་སེར་དམངས་གཙོ་ཚོགས་པ་ལུ་ རྒྱབ་སྐྱོར་ག་གིས་འབད་དོ་ཡོདཔ་ཨིན་ན་དང་ རྒྱབ་སྐྱོར་ག་ཅི་བཟུམ་བྱིན་དོ་ཡོདཔ་ཨིན་ནའི་ ཁུངས་བཀལ་དགོ་ཟེར་ཨིན་པས།
ག་དེམ་ཅིག་སྦེ་ འབྲུག་ཕུན་སུམ་ཚོགས་པ་གིས་ ཁུངས་སྐྱེལ་མ་ཚུགས་པ་ཅིན་ ཤོབ་རྐྱབ་ཨིནམ་སྦེ་ ཆ་བཞག་ནི་ཨིནམ་ད་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ ཁོང་གིས་ དེ་བཟུམ་འབད་མི་དེ་གིས་ མི་སེར་ཚུ་ མགུ་འཐོམ་བཅུག་སྟེ་ བཙག་འཐུ་རྒྱལ་ཁ་ཐོབ་ནིའི་དོན་ལུ་འབདཝ་མས་ཟེར་ ཚོགས་པའི་གཙོ་འཛིན་གྱིས་ བཤདཔ་ཨིན་པས།
དེ་མ་ཚད་ འབྲུག་ཕུན་སུམ་ཚོགས་པ་དང་ ཚོགས་པའི་རྒྱབ་སྐྱོར་པ་ཚུ་གིས་ འབྲུག་ཕུན་སུམ་ཚོགས་པ་གིས་ བཙག་འཐུ་ནང་ལས་ རྒྱལ་ཁ་འཐོབ་ཚུགས་ ངེས་བདེན་ཨིནམ་ལས་ ཁོང་ལུ་རྒྱབ་སྐྱོར་འབད་དེ་ གཞུང་སྐྱོང་གི་གོ་སྐབས་བྱིན་པ་ཅིན་ དྲག་དོ་འོང་ཟེར་བའི་ བསྐུལ་བསྒྲགས་འབད་མི་དེ་ཡང་ བཙག་འཐུའི་ཁྲིམས་ལུགས་ལས་འགལ་བའི་ ལཱ་ཨིན་ཟེར་ཨིན་པས།
དེ་མ་ཚད་ མི་སེར་དམངས་གཙོ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་བ་ཅིན་ ཁོང་ར་ ལྡོག་ཕྱོགས་སྦེ་ར་ ལུས་ནི་ཨིནམ་ལས་ གོང་འཕེལ་གྱི་ལཱ་ཚུ་ ས་གནས་ནང་ འཐོབ་མི་ཚུགས་ཟེར་ སླབ་ནུག་ཟེར་ཨིན་པས།
ཚེ་རིང་སྟབས་རྒྱས་ཀྱིས་འབད་བ་ཅིན་ འབྲུག་ཕུན་སུམ་ཚོགས་པ་གིས་ ཁོང་ར་རྒྱལ་ཁ་འཐོབ་ནི་ཟེར་ ངེས་བདེན་ཤེསཔ་འདྲཝ་ཅིག་འབད་བ་ཅིན་ དང་པ་ཟེརཝ་ད་ བཙག་འཐུ་འགོ་འདྲེན་འཐབ་མ་དགོ་པའི་ཁར་ རང་དང་དོ་འགྲན་འབད་མི་ སྲིད་དོན་ཚོགས་པ་དེ་ལུ་ སྐྱོན་བརྗོད་འབད་དགོཔ་ མིན་འདུག་ཟེར་ཨིན་པས།
ཚོགས་པའི་གཙོ་འཛིན་གྱིས་འབད་བ་ཅིན་ མི་སེར་དམངས་གཙོ་ཚོགས་ལུ་ རྒྱབ་སྐྱོར་པ་རྒྱུ་སྟོབས་ཅན་དང་ དབང་ཚད་ཅན་ དེ་ལས་ སྟོབས་ཤུགས་ཅན་ཚུ་ཡོད་པ་ཅིན་ ན་ཧིང་ཚུན་ཚོད་ ཚོགས་པ་ལུ་ ལན་སླབ་མ་ཚུགས་པར་ ལཱ་ཁག་རྐྱབ་དགོཔ་མིན་འདུག་ཟེར་ཨིན་པས།
མི་སེར་དམངས་གཙོ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་མི་ ལེ་ཤ་ཡོད་རུང་ ཏི་རུ་ཡོད་མི་དང་ རྒྱུ་སྟོབས་ཡོད་མི་ རྒྱབ་སྐྱོར་པ་མེད་ཟེར་ཨིན་པས།
དེ་འབདཝ་ད་ འབྲུག་ཕུན་སུམ་ཚོགས་པ་བཟུམ་ཅིག་ལུ་འབད་བ་ཅིན་ ཁག་འབག་སྦོམ་གྱི་ཇོ་བདག་དང་ བཟོ་གྲྭ་འཕྲུལ་ཁང་སྦོམ་གྱི་ཇོ་བདག་ཚུ་གིས་ རྒྱབ་སྐྱོར་འབད་མི་ཡོདཔ་ལས་ རྒྱུ་སྟོབས་ཅན་དེ་ཡང་ ཁོང་རའི་རྒྱབ་སྐྱོར་པ་ཚུ་ཨིན་མས་ཟེར་ ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས་ཀྱིས་ སླབ་ཨིན་པས།
འབྲུག་ཕུན་སུམ་ཚོགས་པ་གིས་ མི་སེར་དམངས་གཙོ་ཚོགས་པ་ལུ་ མི་དཀར་ལུ་ཞྭ་ནག་སྤུབས་པའི་ ཉེས་འཛུགས་དེ་ བཙག་འཐུ་ལྷན་ཚོགས་ནང་ ཉོགས་བཤད་ཡི་གུ་བཙུགས་ནི་ཟེར་ཨིནམ་ད་ ཁོང་གིས་ བདེན་ཁུངས་སྐྱེལ་མ་ཚུགས་པ་ཅིན་ དྲང་ཁྲིམས་ལྷན་སྡེ་ནང་བཙུགས་རུང་ བཙུགས་ཆོག་ཆོ་ཨིན་ཟེར་ ཚོགས་པའི་གཙོ་འཛིན་ཚེ་རིང་སྟོབས་རྒྱས་ཀྱིས་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment