གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་ཁབ་ནང་ ཨ་ལུ་ཆུང་ཀུའི་གྱངས་ཁ་ ཉུང་སུ་འགྱོ་དོ་ཡོད་པའི་ཚ་གྱང་།

༢༩/༦/༢༠༡༣   ༉ ཁ་ཙ་ འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ འཇིགས་མེད་འཕྲིན་ལས་ཀྱིས་ བུམ་ཐང་ཆུ་སྨད་རྒེད་འོག་ལྟེ་བའི་ནང་སྦེ་ བསྐུལ་བསྒྲགས་འབད་བའི་སྐབས་ གཙོ་འཛིན་གྱིས་ གདོང་ཁའི་གྱལ་ནང་སྡོད་མི་ ཨམ་སྲུ་ཅིག་ལུ་ ཁྱོད་ལུ་ ཨ་ལུ་ག་དེམ་ཅིག་ཡོདཔ་སྨོ་ཟེར་ དྲི་བའི་སྐབས་ ཨམ་སྲུ་དེ་གིས་ ཨ་ལུ་༦ ཡོད་ཟེར་སླབ་མི་དེ་ལུ་ གཙོ་འཛིན་གྱིས་ ལགཔ་མཐུད་དེ་ བཀྲིས་བདེ་ལེགས་ཡོད་ཟེར་སླབ་ཅི།
འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ འཇིགས་མེད་འཕྲིན་ལས་ཀྱིས་ བུམ་ཐང་ཆུ་སྨད་ལུ་ བསྐུལ་བསྒྲགས་འབད་བའི་བསྒང་།


དེ་ཡང་ ད་རེས་ནངས་པ་ རྒྱལ་ཁབ་ནང་ ཨ་ལུའི་གྱངས་ཁ་ མར་འབབ་འགྱོ་དོ་ཡོད་མི་ལུ་བརྟེན་ཏེ་ཨིནམ་ད་ གཙོ་འཛིན་གྱིས་ གསལ་བཤད་འབད་བའི་བར་ན་ ཨ་ལུ་ཅིག་གིས་ ཤུགས་སྦེ་ར་ སྔུ་བའི་སྐབས་ དེ་སྦེ་ ཨ་ལུ་སྔུ་སར་གོཝ་ད་ སེམས་དགའ་བས་ཟེར་སླབ་ཅི།
གཙོ་འཛིན་འཇིགས་མེད་འཕྲིན་ལས་ཀྱིས་ བཤད་མིའི་ནང་ ད་རེས་ནངས་པ་ རྒྱལ་ཁབ་ནང་ ཨ་ལུའི་གྱངས་ཁ་ མར་འབབ་འགྱོ་དོ་ཡོད་མི་ལུ་བརྟེན་ ཧེ་མ་ སློབ་གྲྭ་ཆུང་ཀུ་ལ་ལུ་ཅིག་ སྒོ་བསྡམ་དགོཔ་ཐོན་ཡོདཔ་མ་ཚད་ ཧེ་མ་ སློབ་གྲྭ་འབྲིང་མ་དང་ ཆེ་བ་འབད་མི་དག་པ་ཅིག་ཡང་ མར་ཕབ་འབད་དགོ་པའི་ གནས་སྟངས་བྱུང་མི་དེ་ཡང་ སློབ་གྲྭ་ཚུ་ནང་ སློབ་ཕྲུག་གསརཔ་ འཛུལ་ཞུགས་འབད་མི་ལངམ་ མ་ཐོན་མི་ལུ་བརྟེན་ཏེ་ ཨིན་ཟེར་སླབ་ཅི།
དེ་འབད་ནི་དེ་གིས་ ཁྱེད་གཞོན་ཚུ་གིས་ ལཱ་དུམ་གྲ་ཅིག་ རྩ་འགེངས་ཏེ་ འབད་དགོཔ་འདུག་ཟེར་ སླབ་པའི་སྐབས་ བསྐུལ་བསྒྲགས་ནང་ བཅའ་མར་གཏོགས་མི་ཚུ་ དགོད་བྲ་སྟེ་ དགའ་ཡོདཔ་ཨིན།
དེ་དང་གཅིག་ཁར་ གཙོ་འཛིན་གྱིས་ བུམ་ཐང་གི་ ཐོན་སྐྱེད་ངོ་མ་དང་ ཡོངས་གྲགས་ཅན་ཅིག་ ཡ་ཁྲའི་ཐགས་རིགས་དེ་ཨིནམ་ལས་ དེ་ཚུ་ ག་དེ་དྲག་དྲག་འཐག་ཞིནམ་ལས་ ཧེ་མ་བ་ལྷགཔ་སྦེ་ གོང་འཕེལ་གཏང་ནི་ལུ་ རྩ་འགེངས་དགོཔ་ ཁག་ཆེ་ཟེར་སླབ་ཅི།
བུམ་ཐངཔ་ཕོ་སྐྱེས་ཚུ་གིས་ འོང་འབབ་ཀྱི་ ལཱ་གཞན་འབདཝ་ཨིན་རུང་ ཨམ་སྲུ་ཚུ་གིས་ ཡ་ཁྲ་དེ་འཐག་སྟེ་ ས་གནས་ཀྱི་ ཚོང་པ་ཚུ་ལུ་བཙོང་ཐོག་ལས་ འོང་འབབ་ལུ་ ལྷན་ཐབས་འབད་དེ་ འཚོ་སྐྱོང་འཐབ་དགོཔ་འདུག་ཟེར་སླབ་ཅི།
ཨིན་རུང་ ད་རེས་ བཙག་འཐུ་ན་ཐན་རན་པའི་ དུས་ཚོད་ལུ་ ཚོང་པ་ལ་ལུ་ཅིག་གིས་ མི་སེར་ཚུ་ལུ་ ཁྱེད་ཆ་ཁྱབ་ཀྱིས་ ཚོགས་པ་འ་ནི་དེ་ལུ་ རྒྱབ་སྐྱོར་མ་འབད་བ་ཅིན་ ཁྱེད་ཆ་ཁྱབ་ཀྱི་ ཡ་ཁྲ་ཚུ་ ང་གིས་མི་ཉོ་ཟེར་བའི་ འཇིགས་བསྐུལ་འབད་མི་ཡང་ འཐོན་སྲིད་ནི་ཨིནམ་ལས་ དེ་ལུ་ ཚ་གྱང་ལང་དགོཔ་དང་ འདྲོག་དགོཔ་ག་ནི་ཡང་ མེད་ཟེར་སླབ་ཅི།
ག་དེམ་ཅིག་སྦེ་ སྲིད་ཚོགས་དེ་ལུ་ རྒྱབ་སྐྱོར་མ་འབད་ཟེར་སླབ་སྟེ་ ཁྱེད་ཀྱི་ཡ་ཁྲ་ཚུ་ ཚོང་པ་དེ་གིས་ ཉོ་མ་བཏུབ་རུང་ ཡ་ཁྲིའི་ཚོང་ལམ་ཚུ་ ང་བཅས་ཀྱིས་སྦེ་ བཟོ་བྱིན་ནི་དང་ ཚོང་པ་དེ་གིས་བྱིན་མི་ གོང་ཚད་ལས་ལྷག་པའི་ གོང་ཚད་ཅིག་ ང་བཅས་ཀྱིས་བྱིན་འོང་ཟེར་སླབ་ཅི།
དེ་སྦེ་འབད་ནི་དེ་ ང་ར་དང་ ང་རའི་འདེམས་ངོ་༢ ཆ་ར་གི་ ཁས་བླངས་ཨིནམ་ལས་ གལ་སྲིད་ འབྲུག་ཕུན་སུམ་ཚོགས་པ་གིས་ གཞུང་སྐྱོང་ནིའི་ གོ་སྐབས་མ་འཐོབ་སྟེ་འབད་རུང་ ཚོང་ལམ་བཟོ་ནིའི་ལཱ་འབད་འོང་ཟེར་ གཙོ་འཛིན་གྱིས་སླབ་ཅི།
ད་ཚུན་གྱི་རིང་ རྒྱལ་ཁབ་ནང་ སོ་ནམ་ལྷན་ཁག་གི་ཁ་ཐུག་ལས་ ཕགཔ་གི་ཚོགས་པ་ སྒོང་རྡོའི་ཚོགས་པ་ཟེར་ ལེ་ཤ་ཅིག་ར་ གཞི་བཙུགས་འབད་མི་དང་འཁྲིལ་ ཆུ་སྨད་ལུ་ ཡ་ཁྲ་ཚོགས་པ་ཅིག་ཡང་ གཞི་བཙུགས་འབད་དགོཔ་དེ་ ཁག་ཆེ་ཟེར་སླབ་ཅི།
དེ་དང་གཅིག་ཁར་ ད་རེས་ནངས་པ་ མི་ལེ་ཤ་ཅིག་གིས་ འདས་པའི་ལོ་༥ འི་རིང་ གཞུང་སྐྱོང་ནིའི་གོ་སྐབས་དེ་ འབྲུག་ཕུན་སུམ་ཚོགས་པ་ལུ་ སྤྲོད་ཡོདཔ་ལས་ ད་རེས་ གོ་སྐབས་དེ་ སྲིད་ཚོགས་སོ་སོ་ལུ་སྤྲོད་ཐོག་ལས་ ལྟདམོ་བལྟ་དགོ་པས་ཟེར་ སླབ་མི་ཡང་ ཐོན་དོ་ཡོདཔ་ལས་ མནོ་བསམ་ལེགས་ཤོམ་སྦེ་ བཏང་ཤེས་མི་འབད་བ་ཅིན་ གཞུང་སྐྱོང་ནིའི་གོ་སྐབས་ སོར་ཡི་ར་སྤྲོད་དེ་ ལྟདམོ་བལྟ་ནིའི་ ཕུཌ་བཱོལ་དང་ མདའ་གྱི་རྩེདམོ་ མེན་ཟེར་སླབ་ཅི།
གལ་སྲིད་ གཞུང་དེ་ འཛོལ་ཏེ་བཀལ་ད་པ་ཅིན་ ཟླ་ངོ་དག་པ་ཅིག་གི་ ནང་འཁོད་ལུ་ར་ མི་སེར་ཚུ་ བློ་འགྱོད་བསྐྱེད་དགོཔ་འཐོན་ནི་དང་ དེ་བསྒང་ལས་ ང་བཅས་ཆ་ཁྱབ་ ལྟདམོ་བཏོན་མི་དང་ ལྟདམོ་བལྟ་མི་དེ་ གཞན་མི་སྦེ་ སྡོད་འོང་ཟེར་ དྲན་བསྐུལ་འབད་ཡི།
གཙོ་འཛིན་གྱིས་ སླབ་མིའི་ནང་ འདས་པའི་ལོ་༥ འི་རིང་ དམངས་གཙོའི་གཞུང་དེ་ བདེ་སྐྱིད་དང་ ལྡན་ཏོག་ཏོ་སྦེ་ གཞི་བཙུགས་འབད་དེ་ ཕྱག་ཞུ་བའི་སྐབས་ འབྲུག་ཕུན་སུམ་ཚོགས་པ་ལུ་མ་དགའ་བར་ སྐྱོན་བཏགས་མི་དང་ ཉོགས་བཤད་བཀོད་མི་ ལེ་ཤ་ཅིག་ར་ ཐོན་ཡོདཔ་ཨིན་རུང་ མ་དགའ་མི་ཚུ་གིས་ ག་ཅི་འབད་རུང་ གཏམ་བདེན་རྫུན་དེ་ མི་སེར་ཚུ་གིས་ཤེསཔ་ལས་ ཁོང་དང་འདྲན་འདྲ་ མ་འབད་ཟེར་སླབ་ཅི།
དེ་སྦེ་ སྐྱོན་བཏགས་མི་དང་ ཉོགས་བཤད་ཚུ་ལུ་ ངོས་ལེན་མ་འབད་མི་དེ་ཡང་ མི་སེར་ཚུ་ལུ་ ཕྱག་ཞུ་ནི་དེ་ ཁག་ཆེཝ་སྦེ་ མནོ་བསམ་བཏང་མི་ལུ་བརྟེན་ཏེ་ཨིནམ་ད་ གལ་སྲིད་ དེ་ཚུ་ལུ་ ངོས་ལེན་འབད་དགོ་པ་ཅིན་ མི་སེར་ཚུ་ལུ་ ཕྱག་ཞུ་ནི་མེན་པར་ ཁྲིམས་ཁང་ནང་འགྱོ་སྟེ་སྡོད་དགོཔ་ འཐོན་ནི་མས་ཟེར་སླབ་ཅི།
དེ་དང་གཅིག་ཁར་ མི་སེར་ཚུ་གིས་ ཚོགས་རྒྱན་གྱི་དོན་ལུ་ ནང་གསུག་སྤྲོད་མི་འཐོན་ནི་ཨིནམ་ལས་ ན་འཐན་རིགཔ་བསྒྱིམ་དགོཔ་སྦེ་ སླབ་ཡོདཔ་ད་ བསྐུལ་བསྒྲགས་དེ་ བུམ་ཐང་པའི་ ཁ་སྐད་ནང་སྦེ་ འགོ་འདྲེན་འཐབ་མི་དང་འཁྲིལ་ ཁོ་ར་ ཐིམ་ཕུ་ལུ་ ལཱ་འབད་སྡོད་པའི་སྐབས་ བུམ་ཐང་པའི་ ཁ་སྐད་སླབ་ནི་མེདཔ་ལས་ ད་རིས་ ག་དེ་སྦེ་འགྱོ་དོ་ཡོདཔ་ཨིན་ན་ཡང་ མི་ཤེས་པས་ཟེར་སླབ་ཅི།
ཁ་ཙ་ བུམ་ཐང་ཆུ་སྨད་ལས་འགོ་བཙུགས་ཏེ་ ལྕམ་མཁར་དང་ ཨུ་ར་རྒེད་འོག་ལྟེ་བ་ཚུ་ནང་ བསྐུལ་བསྒྲགས་འགོ་འདྲེན་འཐབ་ཡོདཔ་ད་ ད་རིས་ ལྷུན་རྩེ་ལུ་ འགྲུལ་བསྐྱོད་འབད་ནི་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment