གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བསམ་རྩེ་ལུ་ མི་སེར་དམངས་གཙོ་ཚོགས་པ་ལུ་ གོ་སྐབས་མངམ།

༢༩/༦/༢༠༡༣   ༉ བསམ་རྩེ་རྫོང་ཁག་གི་ འདེམས་ཁོངས་༤ ནང་ མི་སེར་ཚུ་ བློ་སླབ་མི་ལུ་ ལྟ་བ་ཅིན་ འགོ་ཐོག་བཙག་འཐུ་སྐབས་ འབྲུག་མཉམ་རུབ་ཚོགས་པ་དང་ འབྲུག་སྤྱིར་དབང་ཚོགས་པ་ལུ་ ཚོགས་རྒྱན་བཙུགས་མི་ཚུ་གིས་ སྤྱི་ཟླ་༧ པའི་ཚེས་༡༣ ལུ་ ཚོགས་རྒྱན་གྱི་ཉིན་མར་ འབྲུག་ཕུན་སུམ་ཚོགས་པ་ལས་ མི་སེར་དམངས་གཙོ་ཚོགས་པ་ལུ་ མངམ་རྒྱབ་སྐྱོར་འབད་ནི་གི་ བརྡ་མཚོན་སྟོནམ་ཨིན་པས།


སྤྱི་ཟླ་༥ པའི་ཚེས་༣༡ ལུ་ འགོ་འདྲེན་འཐབ་མི་ འགོ་ཐོག་བཙག་འཐུ་སྐབས་ འབྲུག་སྤྱིར་དབང་ཚོགས་པ་གིས་ འདེམས་ཁོངས་༤ ལས་ ཚོགས་རྒྱན་༤,༠༢༩ ཐོབ་ཡོདཔ་མ་ཚད་ འབྲུག་མཉམ་རུབ་ཚོགས་པ་གིས་ ཚོགས་རྒྱན་༣,༧༢༣ ཐོབ་ཡོདཔ་ཨིན་པས།
ཚོགས་པ་དེ་གཉིས་ཀྱི་ རྒྱབ་སྐྱོར་པ་མང་ཤོས་ཅིག་གིས་ ཀུན་གསལ་ལུ་ སླབ་མིའི་ནང་ ཁོང་ལུ་ འདེམས་ངོ་སོ་སོར་དགོཔ་བཞིན་དུ་ དེ་གི་དོན་ལུ་ མི་སེར་དམངས་གཙོ་ཚོགས་པ་དེ་ གདམ་ཁ་མ་རྐྱབ་པར་ ཐབས་མིན་འདུག་ཟེར་ཨིན་པས།
ཚོགས་རྒྱན་སྐྱུར་མི་ཚུ་གིས་འབད་བ་ཅིན་ འདེམས་ངོ་སོར་ནི་རྐྱངམ་གཅིག་མིན་པར་ རྒྱལ་ཁབ་ནང་ འགྱུར་བ་དགོཔ་འདུག་ཟེར་ ཚོར་སྣང་བྱུངམ་མས་ཟེར་ཨིན་པས།
ང་བཅས་ཀྱིས་ རྙིངམ་གིས་ འཕྲོ་མཐུད་འབད་ནི་མིན་པར་ གསརཔ་འོང་བཅུག་པ་ཅིན་ མི་དྲག་ག་ཟེར་ རེ་བ་བསྐྱེད་དོ་ཟེར་་འགོ་ཐོག་བཙག་འཐུ་སྐབས་ འབྲུག་མཉམ་རུབ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་མི་ རམ་ཀུ་མར་ ཤར་མ་གིས་ བཤད་པའི་ཁར་ མི་སེར་ཚུ་གིས་ མི་སེར་དམངས་གཙོ་ཚོགས་པ་ལུ་ གདམ་ཁ་རྐྱབ་ནི་མས་ཟེར་ ད་ལྟོ་ ལོ་རྒྱུས་སླབ་སར་ གོ་དོ་ཡོདཔ་ཨིན་རུང་ སྲིད་དོན་ནང་ ཤོབ་ཡང་སླབ་དོ་འོང་ཟེར་ སླབ་ཨིན་པས།
དེ་འབདཝ་ད་ རྒྱབ་སྐྱོར་པ་ལ་ལུ་གིས་ རྙིངམ་དེ་ གསེར་བཟུམ་ཅིག་ཨིནམ་ལས་ རྙིངམ་ར་དྲག་འོང་ཟེར་ སླབ་མི་དེ་ཡང་ འདེམས་ངོ་མིན་པར་ འབྲུག་ཕུན་སུམ་ཚོགས་པའི་ གཙོ་འཛིན་ལུ་བརྟེན་ཨིན་ཟེར་ བཤད་ཡོདཔ་ད་ སིབ་སུ་ལུ་ འབྲུག་སྤྱིར་དབང་ཚོགས་པའི་ རྒྱབ་སྐྱོར་པ་ཅིག་གིས་ སླབ་མིའི་ནང་ རྡོ་རྗེ་ཆོས་སྒྲོན་དང་ ཡང་ཅིན་ ལི་ལི་དབང་ཕྱུག་མིན་པ་ཅིན་ ཉམས་མྱོང་ཚུ་ལས་དཔྱད་རུང་ འཇིགས་མེད་འཕྲིན་ལས་ར་ དྲག་ནི་བཟུམ་འདུག་ཟེར་ཨིན་པས།
ཤེས་རིག་བློན་པོ་བགྲེསཔ་ ཋ་ཀུར་སིང་ པའུ་ཌེལ་གྱི་འདེམས་ཁོངས་ རྡོ་ཕུག་ཅན་-རྟ་སྡིང་མ་གཏོགས་ འབྲུག་མཉམ་རུབ་ཚོགས་པ་དང་ འབྲུག་སྤྱིར་དབང་ཚོགས་པའི་ རྒྱབ་སྐྱོར་བ་ཚུ་གིས་ འདེམས་ངོ་སོར་དགོ་པའི་ ལོ་རྒྱུས་སླབ་དོ་ཡོདཔ་ད་ སོ་ནམ་ཞིང་པ་ ཚེ་རིང་རྡོ་རྗེ་གིས་ སླབ་མིའི་ནང་ ཁོང་གི་ འདེམས་ཁོངས་ཀྱི་ འདེམས་ངོ་དེ་ རྒྱལ་ཡོངས་ཚོགས་འདུའི་ནང་ ལོ་༥ གི་རིང་སྡོད་དེ་ ལོ་ལྔའི་འཆར་གཞི་ནང་ཡོད་མི་ ལས་དོན་རྐྱངམ་གཅིག་ འབད་ཡོདཔ་མ་གཏོགས་ ཐེབས་ག་ནི་ཡང་ འབད་འབདཝ་མེད་ནི་དེ་གིས་ འབྲུག་མཉམ་རུབ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་བའི་ཤུལ་ལུ་ ད་རིས་འབདཝ་ད་ ཁོ་དང་ ཁོ་རའི་བཟའ་ཚང་གིས་ མི་སེར་དམངས་གཙོ་ཚོགས་པ་ལུ་ ཚོགས་རྒྱན་བསྐྱུར་ནིའི་ མནོ་བསམ་བཏང་དོ་ཟེར་ཨིན་པས།
འགོ་ཐོག་བཙག་འཐུའི་སྐབས་ ཨྱོན་རྩེ་-འོད་གསལ་རྩེ་འདེམས་ཁོངས་དང་ བཀྲིས་ཆོས་གླིང་འདེམས་ཁོངས་༢ ཆ་རའི་ མི་སེར་ཚུ་གིས་ མི་སེར་དམངས་གཙོ་ཚོགས་པ་ལུ་ ཚོགས་རྒྱན་༧,༦༠༩ བཙུགས་ཡོདཔ་ད་ ཕུན་ཚོགས་དཔལ་རི་-བསམ་རྩེ་དང་ རྡོ་ཕུག་ཅན་-རྟ་སྡིང་འདེམས་ཁོངས་ཀྱིས་ འབྲུག་ཕུན་སུམ་ཚོགས་པ་དེ་ གདམ་ཁ་རྐྱབ་སྟེ་ ཚོགས་རྒྱན་༧,༣༨༤ བཙུགས་ཡོདཔ་ཨིན་པས།
དེ་འབདཝ་ད་ མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ཁོངས་༤ ལས་ འགྲེམ་ཐོག་ཚོགས་རྒྱན་༩༧༢ ཐོབ་མི་དེ་ མཐོ་ཤོས་ཨིན་པས།
ད་རིས་ལས་ ཚོགས་རྒྱན་བཙུགས་རན་ནི་ལུ་ ཉིན་གྲངས་༡༤ ལས་བརྒལ་མེདཔ་ལས་ འདེམས་ཁོངས་༤ གི་ འདེམས་ངོ་ཆ་མཉམ་ར་ དོ་འགྲན་སྒྲིང་སྒྲིང་འོང་ནི་བཟུམ་ཡོད་རུང་ ཚོགས་རྒྱན་གྱི་ཉིན་མར་ ཚོགས་རྒྱན་བཙུགས་མི་ཚུ་གིས་ ཐག་བཏོགཔ་ད་རྐྱངམ་གཅིག་ ཁྱད་པར་བཟོ་ཚུགས་ནི་ཨིན་པས།
མི་སེར་ཚུ་གིས་ ལོ་རྒྱུས་སླབ་མི་དང་འཁྲིལཝ་ད་ འབྲུག་ཕུན་སུམ་ཚོགས་པ་དེ་ རྫོང་ཁག་དེ་གི་ འདེམས་ཁོངས་༣ ནང་ལས་ ཕམ་ནི་བཟུམ་ཅིག་ཡོད་རུང་ ཚོགས་རྒྱན་སྐྱུར་མི་ལ་ལུ་གིས་འབད་བ་ཅིན་ འདེམས་ངོ་ཚུ་ སྲིད་ཚོགས་གཅིག་ལས་གཞན་ནང་ འཛུལ་མི་ལུ་བརྟེན་ དོགས་སྣང་སྦོམ་བཟོ་དཔ་ལས་ འབྲུག་ཕུན་སུམ་ཚོགས་པ་དེ་ གཞུང་སྐྱོང་ཚོགས་པ་སྦེ་ར་ བཙག་འཐུ་འགྲུབ་པ་ཅིན་དྲག་ནི་བཟུམ་མཐོངམ་མས་ཟེར་ཨིན་པས།
པདྨ་གླིང་རྒེད་འོག་ལས་ འབྲུག་མཉམ་རུབ་ཚོགས་པའི་ རྒྱབ་སྐྱོར་པ་ ཤིབ་བྷ་དུར་གྱིས་འབད་བ་ཅིན་ ཁོང་ཆ་ཁྱབ་ གཅིག་ཁར་སྡོད་དེ་ འབྲུག་ཕུན་སུམ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་ནི་སྦེ་ བསྟུན་གྲོས་རྐྱབ་ཡོད་མི་དེ་ཡང་ བཀྲིས་ཆོས་གླིང་འདེམས་ཁོངས་ལས་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ རི་ཏུ་རཱཇ་དེ་ དུར་ག་པར་སཱད་བཟུམ་སྦེ་ འོས་འབབ་ཅན་ཅིག་སྦེ་ མི་མཐོང་པས་ཟེར་ཨིན་པས།
ཁོང་གིས་ ཤུལ་མའི་ལོ་ནང་ ག་ཅི་སྒྲུབ་དགོཔ་ཡོདཔ་ཨིན་ན་ ཤེས་དོ་ཡོདཔ་ལས་ འབྲུག་ཕུན་སུམ་ཚོགས་པ་ལུ་ར་ རྒྱབ་སྐྱོར་འབད་བ་ཅིན་ འོས་འབབ་ཡོདཔ་བཟུམ་ མཐོངམ་མས་ཟེར་ རྟ་སྡིང་རྒེད་འོག་ལས་ ག་ལེ་གིས་ བཤད་པའི་ཁར་ ཁོང་གི་ འདེམས་ཁོངས་ནང་ ཋ་ཀུར་སིང་གིས་ སྔར་མེད་པའི་ གོང་འཕེལ་ལས་སྣ་ལེ་ཤ་འབག་འོང་ཡོདཔ་ལས་ མང་ཤོས་ཀྱིས་ ཕུན་སུམ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་ནི་གི་ ལོ་རྒྱུས་སླབ་མས་ཟེར་ སླབ་ཨིན་པས།
དེ་ལས་ ཚོགས་རྒྱན་སྐྱུར་མི་ཚུ་གིས་མ་ཚད་པར་ ཚོགས་པའི་ལས་བྱེདཔ་ཚུ་ཡང་ སྲིད་ཚོགས་གཉིས་ནང་ བགོ་ཡར་སོ་རུང་ འགོ་འདྲེན་པ་མང་ཤོས་ར་ མི་སེར་དམངས་གཙོ་ཚོགས་པའི་དོན་ལུ་ ལཱ་འབདཝ་མས་ཟེར་ རྫོང་ཁག་འགོ་འདྲེན་པ་ཚུ་གིས་ སླབ་ཨིན་པས།
འབྲུག་མཉམ་རུབ་ཚོགས་པའི་ འགོ་འདྲེན་པ་ པུར་ན་བྷ་དུར་པར་དཱན་གྱིས་ སླབ་མིའི་ནང་ ཁོ་གི་ཐོ་བཀོད་ནང་འཁྲིལཝ་ད་ སྤྱི་ཟླ་༥ པའི་ཚེས་༢༥ ལས་ཚུར་ ཚོགས་པའི་ལས་བྱེདཔ་༡༦ ཡོད་མི་ལས་༥ འབྲུག་ཕུན་སུམ་ཚོགས་པའི་ནང་ འཛུལ་ཡོད་རུང་ གཞན་ཚུ་ག་ར་ མི་སེར་དམངས་གཙོ་ཚོགས་པའི་ནང་ འཛུལ་ནུག་ཟེར་ཨིན་པས།
འབྲུག་སྤྱིར་དབང་ཚོགས་པའི་ འགོ་འདྲེན་པ་ ཡ་མུ་ག་ལེ་གིས་འབད་བ་ཅིན་ སྲིད་ཚོགས་དེ་ འགོ་ཐོག་བཙག་འཐུ་ནང་ ཕམ་སོང་པའི་ཤུལ་ལུ་ ཚོགས་པའི་ལས་བྱེདཔ་དང་ འདེམས་ངོ་ཚུ་དང་ འབྲེལ་བ་འཐབ་མ་ཚུགས་རུང་ ཧེ་མར་ ཁོང་གིས་ མི་སེར་དམངས་གཙོ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་འོང་ཟེར་ ཁོ་ལུ་ སླབ་དེས་ཟེར་ཨིན་པས།
ད་རེས་ནངས་པའི་ ལོ་རྒྱུས་ཚུ་དང་འཁྲིལཝ་ད་ མི་སེར་དམངས་གཙོ་ཚོགས་པ་ལུ་ གོ་སྐབས་མངམ་ཡོདཔ་སྦེ་ སླབ་དོ་ཡོདཔ་ཨིན་རུང་ བསམ་རྩེའི་འདེམས་ངོ་༨ པོ་ཆ་ར་གིས་ ཁྱིམ་སྒོ་བཤལ་ཏེ་ བསྐུལ་བསྒྲགས་རྐྱབ་པའི་བསྒང་ཡོདཔ་ལས་ སྤྱི་ཟླ་༧ པའི་ཚེས་༡༣ ལུ་ ཚོགས་རྒྱན་གྱི་ ཉིན་མར་རྐྱངམ་གཅིག་ལུ་ ག་གིས་ རྒྱལ་ཁ་འཐོབ་ནི་ཨིན་ན་ ཤེས་ཚུགས་ནི་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment