གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོམ་སྒྲིག་པའི་སྣང་འཆར།

༢༢/༦/༢༠༡༣   རྩོད་བསྡུར་ཚུ་ ཁྱད་རིག་དང་ལྡན་དགོཔ།
༉ ད་རེས་ནངས་པ་ འབྲུག་པའི་མི་སེར་ཚུ་ སྤྱི་ཚོགས་གཉིས་པའི་ རྒྱལ་ཡོངས་ཚོགས་འདུའི་ སྤྱིར་བཏང་བཙག་འཐུའི་དོན་ལུ་ གྲ་སྒྲིག་འབད་བའི་བསྒང་ཡོདཔ་བཞིན་དུ་ སོ་ནམ་གྱི་ ལཱ་ཤུགས་ལང་པའི་ ནམ་དུས་ལུ་ སྲིད་དོན་ཚོགས་པ་དང་ འདེམས་ངོ་ཚུ་གིས་ བསྐུལ་བསྒྲགས་འབད་བའི་འུར་བྱེལ་ ཤུགས་སྦེ་ར་ལང་སྟེ་ཡོདཔ་ཨིན།


འདི་དང་གཅིག་ཁར་ སྤྱིར་བཏང་གྲོས་འཛོམས་དང་ མི་མང་རྩོད་བསྡུར་ འགོ་འདྲེན་འཐབ་མི་དེ་གིས་ ལྷག་པར་དུ་ སྲིད་དོན་པ་དང་ ཚོགས་རྒྱན་སྐྱུར་མི་ཚུ་ འདུ་འཛི་ཅན་བཟོ་བ་གིས་མ་ཚད་ རྒྱལ་ཁབ་ནང་འཁོད་ཀྱི་ མི་སེར་ཚུ་ཡང་ རྒྱང་མཐོང་ཊི་བི་ལྟ་ཐོག་ལས་ འདེམས་ངོ་ཚུ་གི་ ལྕོགས་རིག་དང་ འཇོན་ཐངས་ཚུ་ དབྱེ་དཔྱད་འབད་ཚུགསཔ་ཨིན་མས།
འདི་འབདཝ་ད་ རྩོད་འགྲན་དང་ རྩོད་བསྡུར་ཚུ་ རྒྱལ་ཡོངས་སྐད་ཡིག་ རྫོང་ཁ་ནང་ འབད་དགོ་ནི་དེ་གིས་ འདེམས་ངོ་ཚུ་ལུ་ ལྕོགས་གྲུབ་ཡོད་རུང་ སྐད་ཡིག་ལེགས་ཤོམ་སྦེ་ མ་ཤེས་མི་ལུ་བརྟེན་ མི་མང་ལུ་ གོ་བརྡ་འཕྲོ་མ་ཚུགས་པའི་བསྒང་ལས་ ལྕོགས་གྲུབ་མེདཔ་བཟུམ་གྱི་མཐོང་སྣང་བྱུང་དོ་ཡོདཔ་ཨིན་མས།
མ་གཞི་ ཚོགས་རྒྱན་སྐྱུར་མི་ཚུ་གིས་ རང་སོའི་འདེམས་ཁོངས་ཀྱི་ འདེམས་ངོ་ཚུ་གི་ ལྕོགས་གྲུབ་དང་ རིག་སྟོབས་ཚུ་ ཤེས་ནི་དང་ ཚོགས་རྒྱན་ག་ལུ་བཙུགས་ནི་ཨིན་ན་ སེམས་ཐག་བཅད་ནིའི་དོན་ལུ་ བཙག་འཐུའི་བྱ་རིམ་ འགོ་མ་བཙུགས་པའི་ཧེ་མར་ སྤྱིར་བཏང་གྲོས་འཛོམས་དང་ རྩོད་བསྡུར་ དྲི་བཀོད་ལས་རིམ་ཚུ་དགོཔ་ ངེས་བདེན་ཨིན་རུང་ མཁོ་གལ་བསྒྲུབ་ཐབས་ལུ་རྐྱངམ་གཅིག་ འགོ་འདྲེན་འཐབ་པ་གིས་མི་བཏུབ།
རྩོད་བསྡུར་འབད་དགོ་པའི་ གནད་དོན་གཙོ་བོ་ར་ རྒྱལ་ཁབ་ཀྱི་ མཐའ་དོན་གལ་ཅན་དང་ བྱ་སྟབས་མ་བདེཝ་བྱུང་མི་ཚུ་ ག་དེ་སྦེ་ བསལ་ཐབས་འབད་ནི་ཨིན་ན་ ཐབས་ལམ་ཚུ་གི་སྐོར་ལས་ གྲོས་བསྡུར་འབད་དགོཔ་ཨིན་རུང་ ད་རིས་ནངས་པ་ རྫོང་ཁག་མཐའ་དབུས་མེད་པར་ རྒྱང་བསྒྲགས་དངོས་མཐོང་ཐོག་ལས་ རྩོད་བསྡུར་འགོ་འདྲེན་འཐབ་མི་དེ་ནང་ སྲིད་དོན་ཚོགས་པ་གཅིག་གིས་གཅིག་ལུ་ སྐྱོན་བརྗོད་དང་ དམའ་ཕབ་ ཁ་བཏང་མི་ལུ་ ལྟ་བ་ཅིན་ རྩོད་བསྡུར་ཚུ་ ཁྱད་རིག་ཅན་མེད་པའི་ཁར་ རྩོད་བསྡུར་འབད་མི་ཚུ་ལུ་ ཁྱད་རིག་ག་དེ་སྦེ་ཡོདཔ་ཨིན་ན་ གསལ་སྟོན་འབདཝ་མས་ཟེར་ ལྟ་རྟོག་པ་ཚུ་གིས་ སླབ་ཨིན་མས།
ད་རེས་ནངས་པའི་ སྲིད་ཀྱི་གནས་སྟངས་དང་ མི་སྡེའི་བརྡ་བརྒྱུད་ཚུ་ནང་ ལོ་རྒྱུས་འདྲ་མ་འདྲཝ་ལེ་ཤ་གསལ་བཀོད་འབད་མི་དེ་གིས་ སྐྱིད་ཉམས་སྐྱོང་སྡོད་མི་ འབྲུག་པའི་མི་སྡེའི་ནང་འཁོད་ལུ་ སྲིད་འཁྲུགས་འབད་ནི་དང་ ཞི་བདེ་ལུ་ བར་ཆད་རྐྱབ་ནི་ གོ་བ་བརྡ་ལོག་སྤྲོད་ནི་གི་ ཉེན་ཁ་ཡོད་རུང་ གནད་དོན་དེ་ཚུ་བ་ལྷགཔ་སྦེ་ མི་མང་གིས་ ཤེས་དགོཔ་དང་ ཧ་ག་དགོ་པའི་ གཙོ་རིམ་ཚུ་ལུ་ ཤུགས་བཏོན་ཏེ་ གྲོས་བསྡུར་འབད་དགོཔ་དེ་གལ་ཆེ།
སྲིད་དོན་ཚོགས་པ་གཅིག་གིས་གཅིག་ལུ་ ཁ་གཏང་ནི་དང་ སྐྱོན་བརྗོད་ཚུ་ བསྐུལ་བསྒྲགས་ཀྱི་སྐབས་ལུ་ འབད་དགོཔ་ཨིན་རུང་ རྩོད་བསྡུར་གྱི་ཐད་ལུ་ལྷོདཔ་ད་ རྒྱལ་ཡོངས་ཀྱི་ གནད་དོན་དང་ མཐའ་དོན་གལ་ཅན་ཚུ་ ཐུགས་ཁར་བསྣམས་ཏེ་འབད་དགོ།
འདི་འབདཝ་ལས་ རྩོད་བསྡུར་ལས་རིམ་དེ་ སྲིད་ཚོགས་ཚུ་གིས་ རང་སོ་སོ་ལུ་ སྐྱོན་བརྗོད་དང་ ཁ་ཉེས་བཀལ་མི་ཚུ་གི་ དོགས་སེལ་འབད་ནི་གི་ གྲོས་གནས་ཅིག་སྦེ་ ལག་ལེན་མ་འཐབ་པར་ ཁྱད་རིག་ལྡན་པའི་ དྲི་བ་ཚུ་ བཀོད་ཐོག་ལས་ གྲོས་བསྡུར་འབད་བ་ཅིན་ མི་མང་གིས་ཡང་ འདེམས་ངོ་ག་དྲགཔ་ཨིན་ན་ ག་སྐྱོ་དྲགས་ཡོདཔ་ཨིན་ན་ བསམ་དཔྱད་འབད་ཚུགས་ནི་དང་ དེ་སྦེ་ བརྟག་དཔྱད་འབད་ཚུགས་པ་ཅིན་ རྒྱལ་ཁབ་དང་ མི་སེར་ལུ་ཕན་པའི་ འདེམས་ངོ་འོས་འབབ་ཅན་ཅིག་ གདམ་ཁ་རྐྱབ་ཚུགས་ཟེར་ ཞུ་ནི་ཨིན།

No comments:

Post a Comment