གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤྱིར་བཏང་བཙག་འཐུའི་དོན་ལུ་ གཙོ་འཛིན་༢ ཀྱི་བར་ན་ རྩོད་བསྡུར་མེདཔ།

༉ སྤྱིར་བཏང་མི་ཚུ་གི་ བསམ་བཀོད་དང་འཁྲིལཝ་ད་ རྒྱང་མཐོང་ཊི་བི་ཐོག་ལས་ སྲིད་དོན་ཚོགས་པ་༢ ཀྱི་ གཙོ་འཛིན་ཚུ་གི་བར་ན་ མི་མང་རྩོད་བསྡུར་ལས་རིམ་ཅིག་ འགོ་འདྲེན་འཐབ་དགོཔ་སྦེ་ཨིན་པས།
ཨིན་རུང་ བཙག་འཐུ་ལྷན་ཚོགས་ཀྱི་ ལས་རིམ་དང་འཁྲིལཝ་ད་ གཙོ་འཛིན་༢ ཀྱི་བར་ན་ མི་མང་རྩོད་བསྡུར་ལས་རིམ་མེདཔ་ཨིན་པས།
དེ་ཡང་ འགོ་ཐོག་བཙག་འཐུའི་སྐབས་ལུ་ ཚོགས་པའི་གཙོ་འཛིན་ཚུ་གི་བར་ན་ མི་མང་རྩོད་བསྡུར་ལས་རིམ་ འགོ་འདྲེན་འཐབ་ཚར་ཡོདཔ་ལས་ ད་རེས་ སྤྱིར་བཏང་བཙག་འཐུའི་དོན་ལུ་ འདེམས་ངོ་ཚུ་གི་ མི་མང་རྩོད་བསྡུར་མ་གཏོགས་ གཙོ་འཛིན་ཚུ་གི་བར་ན་ རྩོད་བསྡུར་མེདཔ་ཨིན་པས།

ད་རེས་ སྤྱིར་བཏང་བཙག་འཐུའི་དོན་ལུ་ ཚོགས་པའི་འདེམས་ངོ་ཚུ་གི་བར་ན་ རྫོང་ཁག་ལྟེ་བ་ཚུ་ནང་ རྩོད་བསྡུར་ཚུ་ འགོ་འདྲེན་འཐབ་དོ་ཡོདཔ་མ་ཚད་ འདེམས་ངོ་ཚུ་གིས་ སྟབས་གཅིག་ཁར་ བསྐུལ་བསྒྲགས་འབད་ནིའི་དོན་ལུ་ སྤྱིར་བཏང་གྲོས་འཛོམས་ལས་རིམ་ཡང་ ལེ་ཤ་ཅིག་ར་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན།
བཙག་འཐུ་ལྷན་ཚོགས་ཀྱི་ མི་མང་རྩོད་བསྡུར་ལས་རིམ་གྱི་ ལམ་སྟོན་སྒྲིག་གཞི་དང་འཁྲིལཝ་ད་ འགོ་ཐོག་བཙག་འཐུའི་སྐབས་ རྩོད་བསྡུར་ཐེངས་༢ ཡོདཔ་སྦེ་ཨིནམ་ད་ དེ་ཡང་ དང་པ་ར་ ཚོགས་པའི་གཙོ་འཛིན་ཚུ་གི་བར་ན་ རང་སོའི་ ཁས་བླངས་གསལ་བསྒྲགས་དང་ ཚོགས་པའི་ལྟ་བ་ལུ་ གཙོ་བོར་བཏོན་པའི་རྩོད་བསྡུར་དང་ ཐེངས་༢ པའི་ནང་ ཚོགས་པའི་གཙོ་འཛིན་དང་ ཡང་ཅིན་ ངོ་ཚབ་ཚུ་གི་བར་ན་ རྒྱལ་ཁབ་ཀྱི་གནས་སྟངས་དང་ སྙན་ཞུ་ཚུ་ལུ་ གཙོ་བོར་བཏོན་པའི་ རྩོད་བསྡུར་འགོ་འདྲེན་འཐབ་དགོཔ་སྦེ་ཨིན་པས།
མི་སེར་དམངས་གཙོ་ཚོགས་པ་གིས་འབད་བ་ཅིན་ དོགས་སེལ་འབད་ནིའི་དོན་ལུ་ གཙོ་འཛིན་༢ ཀྱི་བར་ན་ རྩོད་བསྡུར་ལས་རིམ་ཅིག་ འགོ་འདྲེན་འཐབ་དགོཔ་འདུག་ཟེར་ སླབ་ཨིན་རུང་ མི་མང་གི་ བསམ་འཆར་ལས་འབད་བ་ཅིན་ རྩོད་བསྡུར་དེ་ མེདཔ་དྲག་ནི་མས་ཟེར་ཨིན་པས།
རྒྱ་གར་ཀཱོལ་ཀ་ཏ་ལུ་ གསོ་བའི་སློབ་ཕྲུག་ཅིག་ཨིན་མི་ ཨོ་རྒྱན་ནོར་བུ་གིས་འབད་བ་ཅིན་ ཚོགས་པའི་གཙོ་འཛིན་ཚུ་གི་དོན་ལུ་ མི་མང་རྩོད་བསྡུར་ལས་རིམ་ འགོ་འདྲེན་འཐབ་དགོཔ་འདུག་ཟེར་ཨིནམ་ད་ དེ་ཡང་ གཙོ་བོ་ར་ བཙག་འཐུ་རནམ་ད་ ཚོགས་པའི་ཁས་བླངས་དང་ ལྟ་བ་ཚུ་ དྲན་གསོ་འབད་ཚུགས་པའི་ཁར་ དོགས་སེལ་འབད་ཚུགས་ནི་ཨིནམ་ལས་ ཕན་ཐོགས་འབྱུང་ཚུགས་ཟེར་ཨིན་པས།
ཨིན་རུང་ བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག་འོག་གི་ལས་བྱེདཔ་ བསམ་གཏན་གྱིས་འབད་བ་ཅིན་ རྩོད་བསྡུར་དེ་ མེདཔ་དྲག་ནི་མས་ཟེར་ཨིནམ་ད་ དེ་ཡང་ ད་ཚུན་ གཙོ་འཛིན་༢ ཀྱི་བར་ན་ ཉེས་འཛུགས་འབད་བའི་ ལོ་རྒྱུས་ལེ་ཤ་ཐོན་ཡོདཔ་མ་ཚད་ སྒེར་དང་འབྲེལ་བའི་ གནད་དོན་ཚུ་ཡང་ ལེ་ཤ་ཅིག་ར་ ཕར་ཚུར་སྐྱོན་བརྗོད་འབད་མི་དེ་གིས་ མི་སེར་ཚུ་ མགུ་འཐོམ་བཅུགཔ་ལས་ ད་རུང་ ཧེང་སྐལ་ར་ མགུ་འཐོམ་བཅུག་ནིའི་ ཉེན་ཁ་འདུག་ཟེར་ ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment