གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སློབ་ཕྲུག་ཚུ་གི་ འགྲེམ་ཐོག་ཚོགས་རྒྱན་ཁུངས་མེད་འགྱོ་ནིའི་འོས་འབབ།

༢༧/༦/༢༠༡༣   འགྲེམ་ཐོག་ཚོགས་རྒྱན་ཚུ་ སློབ་ཕྲུག་ག་ར་ ངལ་གསོ་ནང་ སོང་པའི་ཤུལ་ལུ་ ལྷོད་ནི་དེ་གིས་ ག་ཏེ་ལུ་ བསྐྱལ་ནི་ཨིན་ན་ མ་ཤེས་པར་ ལུས་ཡོདཔ་ཨིན་པས།
༉ ཤེས་རིག་མཐོ་རིམ་སློབ་གྲྭ་༣ གྱི་ བདག་སྐྱོང་ཚུ་ སློབ་ཕྲུག་ཚུ་གི་ འགྲེམ་ཐོག་ཚོགས་རྒྱན་ལྷོད་མི་ཚུ་ ལོག་ག་དེ་སྦེ་ བསྐྱལ་ནི་ཨིན་ན་ མགུ་འཐོམ་སྟེ་ཡོདཔ་ཨིན་པས།
འགྲེམ་ཐོག་ཚོགས་རྒྱན་ཚུ་ཡང་ སློབ་དཔོན་སློབ་སྦྱོང་འབད་མི་ སློབ་ཕྲུག་ཚུ་ གནམ་བྱཱར་གྱི་ ངལ་གསོ་ནང་སོང་སྟེ་ ཉིན་གྲངས་༤ དེ་ཅིག་གི་རྒྱབ་ལས་ མཐོ་རིམ་སློབ་གྲྭ་ཚུ་ནང་ ལྷོད་ཡོདཔ་ཨིན་པས།

བསམ་རྩེ་ཤེས་རིག་མཐོ་རིམ་སློབ་གྲྭའི་ བདག་སྐྱོང་འགོ་དཔོན་གྱིས་ སློབ་ཕྲུག་ཚུ་གི་ ཁ་བྱང་མ་ཐོབ་པར་ ལུས་ཡོད་མི་ འགྲེམ་ཐོག་ཚོགས་རྒྱན་ཚུ་ གྱངས་ཁ་རྐྱབ་པའི་བསྒང་།


མཐོ་རིམ་སློབ་གྲྭ་དེ་ཚུ་གིས་ འགྲེམ་ཐོག་ཚོགས་རྒྱན་གྱི་དོན་ལུ་ ཐོ་བཀོད་འབད་མི་ཚུ་ ག་ཏེ་སྡོདཔ་ཨིན་ན་ ཁ་བྱང་འཚོལ་མ་ཐོབ་པ་ཅིན་དང་ ཡང་ཅིན་ ཁ་བྱང་འཚོལ་ཐོབ་རུང་ སྤྱི་ཟླ་༧ པའི་ཚེས་༡༢ ཀྱི་ ཕྱི་རུའི་ཆུ་ཚོད་༥ གི་ཧེ་མར་ འབྲེལ་ཡོད་འདེམས་ཁོངས་ཀྱི་ ངོས་ལེན་འགོ་དཔོན་གྱི་ ཡིག་ཚང་ནང་ ལྷོད་མ་ཚུགས་པ་ཅིན་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ཚུ་གིས་ སྤྱི་ལོ་༢༠༡༣ གྱི་ སྤྱི་ཚོགས་ཅན་གྱི་ བཙག་འཐུའི་ནང་ རང་སོའི་ཐོབ་དབང་བསྟར་སྤྱོད་འབད་མི་ཚུགས་ནི་ཨིན་པས།
རྒྱལ་ཁབ་ནང་འཁོད་ཀྱི་ འདེམས་ཁོངས་སོ་སོ་ལས་ འགྲེམ་ཐོག་ཚོགས་རྒྱན་ཐོབ་མི་ མཐོ་རིམ་སློབ་གྲྭ་༣ པོ་དེ་ཡང་ བསམ་རྩེ་དང་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭ་༢ དང་ ཚན་རིག་དང་འཕྲུལ་རིག་མཐོ་རིམ་སློབ་གྲྭ་དེ་ཨིན་པས།
བསམ་རྩེ་མཐོ་རིམ་སློབ་གྲྭ་གིས་ སློབ་ཕྲུག་ཚུ་གི་ ད་ལྟོའི་ ཁ་བྱང་ཚུ་ འཚོལ་ཞིབ་འབད་དེ་ འགྲེམ་ཐོག་ཚོགས་རྒྱན་༨༩ ལྷོད་ཡོད་མི་ལས་༣༤ རྐྱངམ་གཅིག་ འབྲེལ་ཡོད་སློབ་ཕྲུག་ཚུ་ལུ་ བསྐྱལ་ཚུགས་ཡོདཔ་ཨིན་པས།
མཐོ་རིམ་སློབ་གྲྭ་དེ་གིས་ སློབ་དཔོན་སློབ་སྦྱོང་འབད་མི་ཚུ་ ངལ་གསོ་ནང་ རྒྱབ་ཐལ་བའི་ཤུལ་ལུ་ སྤྱི་ཟླ་༦ པའི་ཚེས་༡༥ ལས་ འགྲེམ་ཐོག་ཚོགས་རྒྱན་ཚུ་ ཐོབ་ཡོདཔ་ད་ མཐོ་རིམ་སློབ་གྲྭ་དེ་ སྤྱི་ཟླ་༨ པའི་ཚེས་༤ ལུ་ ལོག་སྒོ་ཕྱེ་ནི་ཨིན་པས།
བདག་སྐྱོང་འགོ་དཔོན་ རྟ་མགྲིན་ཚེ་རིང་གིས་ སླབ་མིའི་ནང་ འགྲེམ་ཐོག་ཚོགས་རྒྱན་ཚུ་ སློབ་ཕྲུག་ཁོང་ར་སྡོད་སའི་ ས་གནས་ལུ་ ལོག་བསྐྱལ་ནི་ལུ་ ལཱ་ཁག་ཡོད་མི་དེ་ཡང་ འགྲེམ་ཐོག་ཚོགས་རྒྱན་ཡོད་མི་ ཡིག་སྣོད་སེརཔོ་གུ་ ཁ་བྱང་གསལ་ཏོག་ཏོ་མེད་པའི་ཁར་ སློབ་ཕྲུག་ཆ་མཉམ་ར་ གཡུས་ཁར་མ་སྡོད་ནི་དེ་གིས་ ཁོང་རའི་ འདེམས་ཁོངས་ནང་ཡང་ བསྐྱལ་ཐབས་མིན་འདུག་ཟེར་ཨིན་པས།
ཁོང་གིས་ ཁོང་རའི་ མིང་དང་ མཐོ་རིམ་སློབ་གྲྭའི་མིང་རྐྱངམ་གཅིག་ བྱིན་ཡོདཔ་ལས་ འགྲུལ་འཕྲིན་ལ་སོགས་པའི་ ཁ་གསལ་གཞན་ག་ནི་ཡང་མེད་ནི་དེ་གིས་ ག་ཏེ་ལུ་ བསྐྱལ་ནི་ཨིན་ན་ མ་ཤེས་པར་ མགུ་འཐོམ་སྟེ་ཡོད་ཟེར་ རྟ་མགྲིན་ཚེ་རིང་གིས་ བཤད་པའི་ཁར་ ཁོང་གི་ཁ་ཐུག་ལས་ ཁ་བྱང་ཧ་གོ་ནིའི་དོན་ལུ་ མི་ཁུངས་ངོ་སྤྲོད་ལག་ཁྱེར་ཚུ་ལུ་ ལྟ་ཚུགས་ནི་ཨིན་རུང་ བཙག་འཐུའི་བཅའ་ཡིག་དང་འཁྲིལ་བ་ཅིན་ ཡིག་སྣོད་དེ་ ཁ་ཕྱེ་མི་ཆོག་པས་ཟེར་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ མཐོ་རིམ་སློབ་གྲྭ་ནང་ སློབ་ཕྲུག་དག་པ་ཅིག་ ལུས་ཡོད་མི་ཚུ་ལས་ ཁོང་རའི་ ཆ་རོགས་ཚུ་གི་ ཁ་བྱང་དང་ འགྲུལ་འཕྲིན་ཨང་གྲངས་ཐོབ་པའི་ཤུལ་ལུ་ འགྲེམ་ཐོག་ཚོགས་རྒྱན་དག་པ་ཅིག་ བསྐྱལ་ཚུགས་ཅི་ཟེར་ཨིན་པས།
སློབ་ཕྲུག་ལ་ལུ་ཅིག་གིས་ ང་བཅས་ལུ་ བརྒྱུད་འཕྲིན་བཏང་སྟེ་ འགྲེམ་ཐོག་ཚོགས་རྒྱན་ ཁོང་སྡོད་སར་ བསྐྱལ་དགོཔ་སྦེ་ སླབ་ཡོད་རུང་ ལ་ལུ་ཅིག་གིས་ སྤྱིར་བཏང་བཙག་འཐུའི་དོན་ལུ་ འགྲེམ་ཐོག་ཚོགས་རྒྱན་གྱི་ ཞུ་ཡིག་མ་བཙུགསཔ་ལས་ ཁོང་ར་ མི་ངོམ་སྦེ་ ཚོགས་རྒྱན་ས་ཁོངས་ནང་སོང་སྟེ་ ཚོགས་རྒྱན་བསྐྱུར་ནི་སྦེ་ སླབ་དེས་ཟེར་ རྟ་མགྲིན་ཚེ་རིང་གིས་ སླབ་ཨིན་པས།
དེ་འབདཝ་ད་ ངོས་ལེན་འགོ་དཔོན་གྱིས་ འགྲེམ་ཐོག་ཚོགས་རྒྱན་བསྐྱལ་ཚར་བའི་ཤུལ་ལུ་ ཚོགས་རྒྱན་ས་ཁོངས་ནང་འགྱོ་རུང་ ཚོགས་རྒྱན་བཙུགས་ནི་གི་ གོ་སྐབས་མི་འཐོབ་ནི་ཨིན་པས།
མཐོ་རིམ་སློབ་གྲྭ་དེ་ནང་ སློབ་དཔོན་སློབ་སྦྱོང་འབད་མི་ སློབ་ཕྲུག་༩༠༠ ཡོད་རུང་ ག་དེམ་ཅིག་གིས་ འགྲེམ་ཐོག་ཚོགས་རྒྱན་གྱི་དོན་ལུ་ ཐོ་བཀོད་འབད་ཡོདཔ་ཨིན་ན་ གནས་ཐོ་ཐོབ་མ་ཚུགས་པས།
སྤ་རོ་མཐོ་རིམ་སློབ་གྲྭ་ནང་ཡང་ འགྲེམ་ཐོག་ཚོགས་རྒྱན་༡༨༨ ལྷོད་ཡོད་མི་ལས་༡༢༢ རྐྱངམ་གཅིག་ ཁ་བྱང་སོ་སོའི་ནང་ ལོག་བསྐྱལ་ཚུགས་མི་དེ་ཡང་ ཡིག་སྣོད་གུ་ འབྲེལ་ཡོད་མི་ངོམ་དེ་གི་ འགྲུལ་འཕྲིན་ཨང་བཀོད་དེ་ཡོད་མི་ལུ་བརྟེན་ཨིན་པས།
ཁ་ཙ་ འགྲེམ་ཐོག་ཚོགས་རྒྱན་༥ ལོག་བསྐྱལ་བར་ འགྲེམ་ཁང་ནང་སོང་སྟེ་ ཡིག་ཚང་ནང་ ལོག་ལྷོདཔ་ཅིག་ར་ཨིན་མི་ མཐོ་རིམ་སློབ་གྲྭ་དེ་གི་ ཡི་གུ་སྐྱེལ་ལེན་པ་ ཀུན་བཟང་དབང་འདུས་ཀྱིས་ བརྒྱུད་འཕྲིན་ཐོག་ལས་ ཀུན་གསལ་ལུ་ སླབ་མིའི་ནང་ འགྲེམ་ཐོག་ཚོགས་རྒྱན་ཚུ་ འབྲེལ་ཡོད་སློབ་ཕྲུག་ཚུ་ལུ་ བསྐྱལ་ནིའི་དོན་ལས་ ཁ་བྱང་ཚུ་ ཚུལ་ལྡན་མེདཔ་མ་ཚད་ ལ་ལུ་ཅིག་གི་ འགྲུལ་འཕྲིན་ཚུ་ བཏང་མ་ཚུགསཔ་ བཟོ་ཡོདཔ་ལས་ འབྲེལ་བ་འཐབ་མ་ཚུགས་ཟེར་ཨིན་པས།
དེ་འབདཝ་ད་ ཧཱ་དང་ ཐིམ་ཕུ་ སྤ་རོ་ལུ་ སྡོད་མི་ཚུ་གིས་ འགྲེམ་ཐོག་ཚོགས་རྒྱན་ལྷོད་མ་ལྷོད་ཀྱི་སྐོར་དྲི་བ་ མཐོ་རིམ་སློབ་གྲྭ་ནང་ འོང་ཡི་ཟེར་ ཁོ་གིས་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ འགྲེམ་ཐོག་ཚོགས་རྒྱན་༦༦ ལུས་མི་ཚུ་ བསྐྱལ་ནི་གི་ རྩ་འགེངས་ཡོད་རུང་ ཁ་བྱང་ཏན་ཏན་མེད་པར་ བཏང་མ་ཚུགས་ཟེར་ཨིན་པས།
སྤ་རོ་མཐོ་རིམ་སློབ་གྲྭ་དེ་ནང་ སློབ་ཕྲུག་༩༤༤ ཡོདཔ་ཨིན་པས།
དེ་ལས་ རིན་ཆེན་སྡིངས་ཚན་རིག་དང་ བརྡ་དོན་མཐོ་རིམ་སློབ་གྲྭ་གིས་ འགྲེམ་ཐོག་ཚོགས་རྒྱན་༡༢༠ ཐོབ་མི་ལས་༧༠ རྐྱངམ་གཅིག་ འབྲེལ་ཡོད་སློབ་ཕྲུག་ཚུ་གི་ ཁ་བྱང་ཐོག་ལུ་ ལོག་བསྐྱལ་ཚུགས་ཡོདཔ་ད་ འགྲེམ་ཐོག་ཚོགས་རྒྱན་༤༠ ད་ལྟོའི་བར་ན་ཡང་ ཡིག་ཚང་ནང་ ལུས་ཡོདཔ་ཨིན་པས།
བདག་སྐྱོང་འགོ་དཔོན་ ཀུན་དགའ་གིས་ སླབ་མིའི་ནང་ མཐོ་རིམ་སློབ་གྲྭ་དེ་ལུ་ སློབ་ཕྲུག་གི་ གནས་ཚུལ་ལམ་ལུགས་ཡོདཔ་ལས་ སློབ་ཕྲུག་དང་ ཕམ་ཚུ་གི་སྐོར་ལས་ ཁ་གསལ་བཀོད་ཡོད་མི་ལས་ འཇམ་ཏོང་ཏོ་སྦེ་ འབྲེལ་བ་འཐབ་ཚུགས་ཅི་ཟེར་ཨིན་པས།
ང་བཅས་ཀྱིས་ སློབ་ཕྲུག་ཆ་མཉམ་ལུ་ བརྒྱུད་འཕྲིན་བཏང་སྟེ་ འགྲེམ་ཐོག་ཚོགས་རྒྱན་ཚུ་ བསྐྱལ་ཡོད་རུང་ སློབ་ཕྲུག་ལ་ལུ་ཅིག་གིས་ ཁོང་ར་འོང་སྟེ་ ལེན་འབག་ཡི་ཟེར་ ཀུན་དགའ་གིས་ བཤདཔ་ཨིན་པས།
དེ་འབདཝ་ད་ སློབ་ཕྲུག་༤༠ ལུ་ ཡིག་ཐོག་གི་ བརྡ་འཕྲིན་ཚུ་ བསྐྱལ་ཡོདཔ་མ་ཚད་ བརྒྱུད་འཕྲིན་ལན་ཐེངས་མང་རབས་ཅིག་བཏང་རུང་ ཁོང་གི་ བརྒྱུད་འཕྲིན་ཨང་གྲངས་མེདཔ་སྦེ་ སླབ་མས་ཟེར་ ཁོ་གིས་ སླབ་ཨིན་པས།
མཐོ་རིམ་སློབ་གྲྭ་དེ་ནང་ སློབ་ཕྲུག་༦༠༢ ཡོདཔ་ཨིན་པས།
དེ་འབདཝ་ད་ དགེ་འདུ་ཚོང་འབྲེལ་མཐོ་རིམ་སློབ་གྲྭ་དང་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་༢ ནང་ སློབ་ཕྲུག་ཚུ་ ངལ་གསོ་ནང་ མ་འགྱོ་བའི་ཧེ་མར་ འགྲེམ་ཐོག་ཚོགས་རྒྱན་ཚུ་ ལྷོད་ཡོདཔ་ལས་ སྟབས་མ་བདེཝ་ མ་བྱུངམ་ཨིན་པས།
ཁ་ཙ་ བཀྲིས་སྒང་འབྲུག་འགྲེམ་གྱིས་ ར་ལྡི་-སག་སྟེང་འདེམས་ཁོངས་ལས་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭའི་ ཁ་བྱང་ཐོག་ལུ་བསྐྱལ་མི་ འགྲེམ་ཐོག་ཚོགས་རྒྱན་༥ ཐོབ་མི་ཚུ་ ངོས་ལེན་འགོ་དཔོན་ལས་ ཁ་བྱང་ཐོབ་ཚུགསཔ་ལས་ མི་ངོ་སོ་སོ་ལུ་ བསྐྱལ་བཏང་ཡོད་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment