གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ནོར་བུ་སྒང་རྒེད་འོག་ནང་ ཁྲོམ་མར་ཉམས་འགྱོ་བའི་ཚ་གྱང་།

༢༧/༦/༢༠༡༣   ༉ དྲོ་པའི་ཆུ་ཚོད་༨ ཀྲིག་ཀྲི་ལུ་ གྲོང་གཡུས་མི་སེར་སྡེ་ཚན་ཅིག་ ཆུ་ཐུབ་རས་ཆས་ཊིར་པཱལ་ཧོནམོ་རེ་དང་ དོས་ཆས་ཚུ་ ཕད་ཙེ་ནང་འདེགས་འབག་ཐོག་ལས་ འགྲོས་ཀྱིས་བཏང་སྦེ་ ལམ་འགྱོ་བའི་ཤུལ་ལུ་ ཧེ་མ་ ཅེང་བཱ་རི་ཟེར་སླབ་མི་ ནོར་བུ་སྒང་རྒེད་འོག་ལྟེ་བའི་ སྦོ་ལོགས་ཁར་ སྤུངས་འཛོམས་འབདཝ་ཨིན་པས།
ཤིང་གི་ཙོག་ཕུ་བརྡབས་བཞག་ཡོད་མི་ཚུ་གུ་ ཆུ་ཐུབ་ཊིར་པཱལ་བཀབ་ནི་དང་ ས་ཁར་འཐིང་ནི་ལུ་ གཅིག་གིས་གཅིག་ལུ་ ཆ་རོགས་འབད་བའི་ཤུལ་ལུ་ ཁོང་རའི་ གནས་སྐབས་ཀྱི་ ཚོང་ཁང་གྲ་སྒྲིག་འགྱོཝ་ཨིན་པས།

ལོ་ངོ་བཅུ་ཕྲག་དག་པ་ཅིག་གི་ཧེ་མར་ ཉོ་ཚོང་རྐྱབ་མི་ ས་གོ་མང་ཤོང་པར་ འོང་ནི་ཡོད་རུང་ ད་རེས་ནངས་པ་ མི་གངམ་འོང་ནི་མེད་པའི་ གནས་སྐབས་ཀྱི་ ཅེང་བཱ་རི་ཚོང་ཁྲོམ།


དེ་ཡང་ ཅེང་བཱ་རི་རྒེད་འོག་ལྟེ་བ་ལས་ཨིན་མི་ གྲོ་གཡུས་མི་སེར་སྡེ་ཚན་དེ་གིས་ བསམ་རྩེ་རྫོང་ཁག་ནང་ ཡོངས་གྲགས་ལུ་ ཅེང་བཱ་རི་བཱ་ཛར་ཟེར་སླབ་མི་དེ་ནང་ རེས་གཟའ་ཉི་མའི་ ཁྲོམ་ཁར་ ཚོང་ཆས་ཚུ་ བཙོངམ་ཨིན་པས།
བསམ་རྩེ་ལས་ ནོར་བུ་སྒང་རྒེད་འོག་གི་བར་ན་ ལམ་ཀི་ལོ་མི་ཊར་༡༠ ཡོདཔ་ཨིན་པས།
ཅེང་བཱ་རི་བ་ཛར་(ཚོང་ཁྲོམ)དེ་ སྤྱི་ལོ་༡༩༨༢ ལུ་ རེས་གཟའ་ཉི་མའི་ཁྲོམ་སྦེ་ གཞི་བཙུགས་འབད་མི་གིས་མ་ཚད་པར་ བསམ་རྩེ་ལུ་ ཚོད་བསྲེ་ཁྲོམ་དང་པ་ཡང་ཨིནམ་ལས་ དེ་ནང་ ས་མཚམས་ཕྱི་ནང་གཉིས་ཆ་རའི་ མི་ཚུ་འོང་ནི་ཡོད་ཟེར་ རྒེད་འོག་གི་ གྲོང་གཡུས་མི་སེར་རྒན་རྒས་ཚུ་གིས་ སླབ་ཨིན་པས།
ཚོང་ཁྲོམ་དེ་ འགོ་ཐོག་སྐབས་ རེས་གཟའ་ཕུར་བུ་ལུ་ སྒོ་ཕྱེ་ཡོདཔ་ཨིན་རུང་ ཤུལ་ལས་ རྫོང་ཁག་བདག་སྐྱོང་གིས་ རེས་གཟའ་ཉི་མ་ལུ་ བསྒྱུར་བཅོས་རྐྱབ་ཡོདཔ་བཞིན་དུ་ ཚོང་ཁྲོམ་དེ་ ས་གནས་ཀྱི་ མི་སེར་ཚུ་གི་དོན་ལུ་ ཡོངས་གྲགས་ཅན་ཅིག་ཨིན་པས།
དེ་འབདཝ་ད་ གོང་འཕེལ་གྱི་ འགྱུར་བ་དང་འཁྲིལ་ ཕྱིའི་མི་ཚུ་ ནང་ན་འོང་ནི་ འགོ་བཙུགས་ཡོདཔ་མ་ཚད་ ཚོད་བསྲེ་ཁྲོམ་གཞན་ལེ་ཤ་ཅིག་ར་ ས་གནས་གཞན་ཚུ་ནང་ གཞི་བཙུགས་འབད་ཡོདཔ་ལས་ ས་གནས་དེ་ནང་ ཚོང་འབྲེལ་མར་བབས་སོང་ཡོདཔ་མ་ཚད་ མི་སེར་ཚུ་ལུ་ཡང་ གྱོང་རྒུད་ཕོག་ནི་ འགོ་བཙུགས་ནུག།
ཚོང་ཁྲོམ་དེ་ནང་ ཚོང་པ་རྙིང་ཤོས་ཅིག་དང་ མི་ཚེ་གང་ར་ རྒྱ་གར་གྱི་ བཞེས་སྒོའི་རྫས་སྦྱོར་སྣ་ཚོགས་བཙོང་སྡོད་མི་ སྐྱེས་ལོ་༧༢ ལང་མི་ མ་རུ་ དིན་ཏ་ལི་གིས་ སླབ་མིའི་ནང་ ཁྲོམ་དེ་ ལོ་ངོ་བཅུ་ཕྲག་དག་པ་ཅིག་གི་ ཧེ་མ་བཟུམ་མིན་པར་ ད་རེས་ནངས་པ་ རྩ་མེད་འགྱོ་ནི་གུ་ ལྷོད་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁོ་ར་ ན་གཞོན་སྦེ་ སྡོད་པའི་སྐབས་ལུ་ རེས་གཟའ་ཉི་མའི་ཁྲོམ་ཁར་ ཉོ་ཚོང་རྐྱབ་མི་ ས་གོ་གངམ་སྦེ་ འོང་ནི་ཡོདཔ་ལས་ སྤྲོ་བ་ཆེ་ཏོག་ཏོ་ཡོད་རུང་ ད་རིས་འབད་བའི་བསྒང་ལས་ སྤྲོ་སྣང་ག་ནི་ཡང་མིན་འདུག་ཟེར་ཨིནམ་ད་ དེ་བསྒང་ རྒེད་འོག་གི་ ཚོང་འབྲེལ་འགྲེམ་སྟོན་དང་ རྩལ་སྟོན་ ཚོང་ཁང་སྣ་ཚོགས་ གློག་བརྙན་ལ་སོགས་ ལས་སྣ་མང་རབས་ཅིག་ འགོ་འདྲེན་འཐབ་ནི་ཡོདཔ་ལས་ བསམ་རྩེ་དང་ རྒེད་འོག་གཞན་ཚུ་ལས་ ཚོང་མགྲོན་པ་ག་ཐོབ་རྐྱབ་སྟེ་ འོང་སྲོལ་ཡོད་ཟེར་ མ་རུ་ དིན་ཏ་ལི་གིས་ སླབ་ཨིན་པས།
དེ་འབདཝ་ད་ ད་རེས་ནངས་པ་ གནས་སྟངས་མ་འདྲཝ་ཅིག་ལུ་ གྱུར་ཡོད་མི་དེ་ཡང་ ཚོང་མགྲོན་པ་གངམ་འོང་ནི་མེདཔ་ལས་ ཚོང་ཁང་ཚུ་ མར་བབས་སོང་ཡོདཔ་ད་ ང་བཅས་ལུ་ ཚོང་མགྲོན་པ་མེདཔ་ད་ ཚོང་པ་ཚུ་གིས་ཡང་ ཁྲོམ་དེ་ནང་ ཚོང་བཙོང་པར་ འོང་དགོཔ་མེད་ཟེར་ གྲོང་གསེབ་མི་སེར་ཅིག་གིས་ སླབ་ཨིན་པས།
ད་ལྟོ་ ཚོང་པ་༡༠ དེ་ཅིག་ཡོད་མི་ཚུ་གིས་ གནས་སྐབས་ཀྱི་ ཚོང་ཁང་ཚུ་ནང་ལས་ རྒྱ་གར་ལས་ ནང་འདྲེན་འབད་མི་དང་ ནང་འཁོད་ལས་ཐོན་མི་ ཚོད་བསྲེའི་རིགས་དང་ སྤྱིར་བཏང་ཅ་ཆས་དང་ གྱོན་ཆས་ཚུ་ བཙོང་དོ་ཡོདཔ་མ་ཚད་ མོ་མོ་དང་ པུ་རི་བཙོང་མི་ ཟ་ཁང་ཆུང་ཀུ་དག་པ་ཅིག་ཡོདཔ་ཨིན་པས།
དིན་ཏ་ལི་གིས་འབད་བ་ཅིན་ ཧེ་མར་ ཉིནམ་༡ ལུ་ ཅ་ཆས་ཚུ་བཙོང་སྟེ་ དངུལ་ཀྲམ་༡༠,༠༠༠ ལྷགཔ་རེ་ ཐོབ་ཨིན་རུང་ ད་རིས་འབད་བའི་བསྒང་ལས་ དངུལ་ཀྲམ་༨,༠༠༠ དེ་ཅིག་ཡང་ ཐོབ་ཚུགས་པར་ ལཱ་ཁག་འདུག་ཟེར་ཨིན་པས།
ཟ་ཧོད་ཕོརཔ་ཐ་ལི་བཙོང་མི་ སྐྱེས་ལོ་༤༠ ལང་མི་ ཕུ་མིད་ཀྱིས་ སླབ་མི་དང་འཁྲིལཝ་ད་ ད་རེས་ནངས་པ་ ཚོང་ཉོ་བར་འོང་མི་ ས་གནས་ཀྱི་ མི་མ་གཏོགས་ ས་མཚམས་ཀྱི་ཕྱི་ཁ་ལས་ འོང་ནི་མིན་འདུག་ཟེར་ཨིནམ་ད་ ཨིན་རུང་ གཞུང་གི་ཡིག་ཚང་དག་པ་ཅིག་ སྒོ་ཕྱེ་ནི་དེ་གིས་ ཞི་གཡོགཔ་ཚུ་ ཚོང་ཉོ་བར་ འོང་དོ་ཡོདཔ་ལས་ དུམ་གྲ་ཅིག་ དྲག་པས་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ ཉིནམ་རེ་ལུ་ དངུལ་ཀྲམ་༣,༠༠༠ རེ་ ཐོབ་ཨིན་རུང་ ད་རེས་ནངས་པ་ ཟླཝ་རེ་ལུ་ དངུལ་ཀྲམ་དེམ་ཅིག་ ཐོབ་ནི་ལུ་ཡང་ ལཱ་ཁག་བཏངམ་མས་ཟེར་ཨིན་པས།
ཚོད་བསྲེ་བཙོང་མི་ སྐྱེས་ལོ་༣༦ ལང་མི་ བག་ཏེ་ ལུའི་ཏེལ་གྱིས་ སླབ་མིའི་ནང་ ཚོང་མགྲོན་པ་གངམ་འོང་ནི་མེདཔ་ལས་ ཕྱི་རུའི་ཚོང་ཁྲོམ་སྒོ་སྡམ་པའི་བསྒང་ལས་ ཚོད་བསྲེ་ཚུ་ སྐམ་འགྱོ་ནི་དེ་གིས་ ནོར་སེམས་ཅན་ལུ་ བྱིན་དགོཔ་མ་ཚད་ མེདཔ་ཐལ་མི་ཚུ་ བཀོག་གཏང་དགོ་པས་ཟེར་ཨིན་པས།
གྲོང་གཡུས་མི་སེར་ཚུ་གིས་འབད་བ་ཅིན་ ཁོང་གི་ ཚོང་འབྲེལ་མར་བབས་སོང་མི་དེ་ཡང་ བསམ་རྩེ་ལུ་ རེས་གཟའ་ཟླ་བའི་ཁྲོམ་དང་ འོད་གསལ་རྩེ་རྒེད་འོག་ནང་ ཚོད་བསྲེ་ཚོང་ཁང་གསརཔ་ སྒོ་ཕྱེ་ནི་དེ་གིས་ཨིན་ཟེར་ཨིན་པས།
ཚོང་པ་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོང་གི་ཚོང་འབྲེལ་དེ་ མར་འབབ་འགྱོ་ནི་གི་ ཚ་གྱང་ཡོདཔ་ལས་ ཁོང་གི་རྒཔོ་ལུ་ གནད་དོན་དེ་གི་སྐོར་ རྫོང་ཁག་བདག་སྐྱོང་དང་ གྲོས་བསྡུར་འབད་དེ་ འོད་གསལ་རྩེའི་ རྒཔོ་ལུ་ ཁོང་གི་ ཚོད་བསྲེ་ཁྲོམ་དེ་ རེས་གཟའ་གཞན་ནང་ སྒོ་ཕྱེ་དགོཔ་སྦེ་ ཞུ་བ་འབད་ནིའི་དོན་ལུ་ཨིན་པས།
ནོར་བུ་སྒང་རྒཔོ་ ཀུན་དགའ་དབང་འདུས་ཀྱིས་ སླབ་མིའི་ནང་ གྲོང་གསེབ་མི་སེར་ཚུ་གིས་ རྒཔོ་ཡིག་ཚང་ནང་ ཡིག་ཐོག་ལུ་ ཞུ་བ་མ་འབད་ཚུན་ རྒེད་འོག་འགོ་དཔོན་ཚུ་ལུ་ ཐག་བཅད་ནི་གི་ དབང་ཚད་མེད་ཟེར་ཨིནམ་ད་ གལ་སྲིད་ མི་སེར་ཚུ་གིས་ ང་ལུ་ ཞུ་ཡིག་བཙུགས་པ་ཅིན་ གནད་དོན་དེ་གི་སྐོར་ རྫོང་ཁག་ཚོགས་འདུ་ནང་བཙུགས་ཏེ་ གྲོས་བསྡུར་འབད་འོང་ཟེར་ སླབ་ཨིན་པས།
དེ་འབདཝ་ད་ གནས་ཚུལ་བཟང་པོ་ཅིག་ ག་ཅི་ཡོདཔ་སྦོ་ཟེར་བ་ཅིན་ རྒེད་འོག་ཡིག་ཚང་གིས་ འཆར་གཞི་༡ པའི་ནང་ ཚོད་བསྲེ་བཙོང་སའི་ ཁྱིམ་གསརཔ་ཅིག་ གཞི་བཙུགས་འབད་ནི་གི་ གྲོས་འཆར་བཙུགས་མི་དེ་ གནང་བ་གྲུབ་ཡོད་པའི་གནས་ཚུལ།


No comments:

Post a Comment