གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གློག་རྒྱུན་གྱིས་ཨམ་སྲུ་ཅིག་ལུ་ ཤི་རྐྱེན།

༢༠/༦/༢༠༡༣   ༉ སྤྱི་ཟླ་༦ པའི་ཚེས་༡༨ ཀྱི་ དྲོ་པའི་ཆུ་ཚོད་ཕྱེད་དང་༩ དེ་ཅིག་ཁར་ མོང་སྒར་རྫོང་ཁག་ ཆ་གླིང་རྒེད་འོག་ ཕུ་མ་ཟུར་གཡུས་ཚན་ནང་ སྐྱེས་ལོ་༤༢ ལང་མི་ ཨམ་སྲུ་ཅིག་ གློག་རྒྱུན་རེག་སྟེ་ ཁ་འཐུམ་མར་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།


རྐྱེན་ངན་བྱུང་བའི་སྐབས་ལུ་ ཁྱིམ་ནང་ མོ་ར་ཅིག་ལས་བརྒལ་མེདཔ་ད་ མོ་གི་རྨགཔ་དེ་ ཁྱིམ་གྱི་རྒྱབ་ཁར་ འཕྲུལ་གླང་པ་ཝར་ཊི་ལར་མེདཔ་ཐལ་མི་དེ་ བཅོ་ཁ་རྐྱབ་སྟེ་ སྡོད་ཡོདཔ་ཨིན་པས།
ཚེ་འདས་ཨམ་སྲུ་དེ་ མོ་རའི་ཐབ་ཚང་ནང་ ལྟོ་འབད་བའི་ཤུལ་ལས་ ཀ་རི་ཀུ་ཀར་ནང་ ཚོདམ་བཙོ་སྡོད་པའི་སྐབས་ལུ་ གློག་རྒྱུན་ལག་པར་རེག་སྟེ་ ཤི་ཡོདཔ་ཨིན་པས།
ཉིནམ་དེ་ལུ་ གཡུས་ཚན་ནང་ དྲོ་པ་ལས་ར་ ཆརཔ་རྐྱབ་ཡོདཔ་མ་ཚད་ གནམ་ཁར་གློག་ཀེམ་ཡོདཔ་ད་ ཚེ་འདས་ཀྱི་ རྨགཔ་གིས་འབད་བ་ཅིན་ མོ་ར་ ཀ་རི་ཀུ་ཀར་ནང་ ཚོདམ་བཙོ་བའི་སྐབས་ལུ་ གློག་ཀེམ་དང་ཁ་ཐུག་རྐྱབ་ནི་དེ་གིས་ ལག་པར་གློག་རྒྱུན་རེག་སྟེ་ ཤི་སོཔ་འོང་ནི་མས་ཟེར་ཨིན་པས།
དེ་ཚེ་ སྤྲེལ་ཟླའི་ཚེས་བཅུའི་ ཉིནམ་ཨིནམ་ལས་ ཁོང་ར་༢ ཉིན་མའི་ལྟོ་བཟའ་ཞིནམ་ལས་ གཡུས་ཚན་ནང་ཡོད་པའི་ མ་ཎི་དུང་འཁོར་སྐོར་ར་རྐྱབ་པར་ འགྱོ་ནི་ཨིནམ་ལས་ རྨགཔ་གིས་འབད་བ་ཅིན་ ཨམ་སྲུ་གིས་ ལྟོ་འབད་ཚར་ཡི་ཟེར་ ནམ་ཡང་འབོ་ནི་མེད་པར་ སྒུག་སྡོད་ཅི་ཟེར་ཨིན་པས།
དེ་འབདཝ་ལས་ ཁོ་གིས་ འཕྲུལ་གླང་པ་ཝར་ཊི་ལར་གྱི་ ཅ་ཆས་འཐུ་ནི་ལུ་ མོ་གིས་ ལཱ་རུབ་འབད་གནང་ཟེར་ སླབ་པར་འགྱོ་བའི་བསྒང་ལས་ ཁྱིམ་ནང་ལྷོདཔ་ད་ གློག་རྒྱུན་རེག་སྟེ་ ཤི་ཚར་ཡོདཔ་ལས་ འབད་ཐབས་ག་ནི་ཡང་ མ་བྱུང་ཟེར་ཨིན་པས།
ཨིན་རུང་ ཁྲིམས་སྲུང་འགག་པ་དང་ གསོ་བའི་ཞིབ་དཔྱད་པ་ དེ་ལས་ གློག་མེ་ལས་འཛིན་གྱིས་ འགོ་དཔོན་ཚུ་གིས་ རྐྱེན་ངན་དེ་གི་སྐོར་ལས་ ཞིབ་དཔྱད་འབད་བའི་སྐབས་ལུ་ རྐྱེན་ངན་དེ་ གློག་རྒྱུན་ལུ་བརྟེན་ཏེ་ བྱུང་བྱུངམ་ཨིན་མས་ཟེར་ཨིན་པས།
མ་གཞི་ ཁྱིམ་ནང་ གློག་ཐག་ཚུ་ ལེགས་ཤོམ་འབད་བཙུགས་ཡོད་རུང་ ཆརཔ་དང་གཅིག་ཁར་ གློག་ཀེམ་པའི་སྐབས་ལུ་ མོ་གིས་ ཀ་རི་ཀུ་ཀར་གུ་ ལགཔ་བཤེད་ནི་ ཁ་ཐུག་རྐྱབ་མི་ལུ་བརྟེན་ རྐྱེན་ངན་བྱུང་ནུག་ཟེར་ཨིན་པས།
ཚེ་འདས་ཨམ་སྲུ་དེ་ལུ་ ཨ་ལུ་༡ ཡོདཔ་ད་ ཨ་ལུ་དེ་ ད་རེས་ནངས་པ་ བཀྲིས་སྒང་ལུ་ ལཱ་འབད་དོ་ཡོདཔ་ད་ ཁྱིམ་ནང་ རྨགཔ་དང་ མོ་ར་རྐྱངམ་གཅིག་ལས་བརྒལ་ མེདཔ་ཨིན་པས།
ད་ལྟོ་ ཁྲིམས་སྲུང་འགག་པ་ཚུ་གིས་ རྐྱེན་ངན་དེ་ལུ་ ཞིབ་དཔྱད་འབད་བའི་བསྒང་ཡོདཔ་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment