གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོམ་སྒྲིག་པའི་སྣང་འཆར།

༢༤/༦/༢༠༡༣   སྲིད་ཚོགས་དང་ ཚོགས་རྒྱན་སྐྱུར་མི་ཚུ་ ཏི་རུའི་དབང་ལུ་ཐལ་ཉེན།
༉ འབྲུག་གི་སྤྱི་ཚོགས་གཉིས་པའི་ སྤྱིར་བཏང་བཙག་འཐུ་འགོ་འདྲེན་འཐབ་ནི་ལུ་ ཉིན་གྲངས་༡༩ ལས་བརྒལ་མེད་རུང་ ད་རེས་ནངས་པ་ སྲིད་ཚོགས་གཉིས་ཀྱིས་ རྒྱལ་ཁ་འཐོབ་ནིའི་དོན་ལས་ ཚོགས་རྒྱན་ཉོ་ནི་གི་ ཐབས་ལམ་སྒྲིག་དགོ་ཡོད་པའི་ ལོ་རྒྱུས་དང་ འཐོར་གཏམ་གོཝ་མས།


གཞན་ཡང་ སྤྱིར་བཏང་བཙག་འཐུའི་དོན་ལུ་ དོ་འགྲན་འབད་མི་ སྲིད་ཚོགས་གཉིས་ཆ་ར་ལུ་ འབྱུང་ཁུངས་གསལ་སྟོན་མ་འབད་བའི་ མ་དངུལ་འབོར་ཆེ་ཏོག་ཏོ་ཡོད་པའི་ ལོ་རྒྱུས་ཚུ་ གོཝ་མ་ཚད་ འདི་བཟུམ་མའི་ མ་དངུལ་ཚུ་ ཚོགས་རྒྱན་སྐྱུར་མི་ཚུ་ ལྷུ་ནི་དང་ རྒྱུད་བསྐུལ་འབད་ཐབས་ལུ་ ཚོགས་པའི་ལཱ་འབད་མི་ཚུ་ལུ་ སྤྲོདཔ་མས་ཟེར་ཨིན་མས།
ད་རུང་ རྒྱལ་ཁབ་ནང་ སྲིད་ཚོགས་ཀྱི་ འདེམས་ངོ་ཐོབ་མ་ཚུགས་པའི་ དཀའ་ངལ་ལུ་བརྟེན་ སྲིད་ཚོགས་ཅིག་ནང་ ཐོ་བཀོད་འབད་ཚར་མི་ འདེམས་ངོ་དེ་ སྲིད་ཚོགས་གཞན་ནང་ འགྱོ་ནི་ལས་ བཀག་ཐབས་ལུ་ དངུལ་ཕོགས་ཚུ་ཡང་ འབོར་ཆེ་ཏོག་ཏོ་བྱིན་དོ་ཡོད་པའི་ ལོ་རྒྱུས་གོ་མི་དེ་ཡང་ མི་ངོམ་དེ་ སྲིད་ཚོགས་གཞན་ནང་ འཛུལ་མི་བཅུག་ནི་གི་ ཐབས་ལམ་ཅིག་ཨིན་མས།
ལྟ་རྟོག་པ་ལ་ལུ་གིས་ སླབ་མིའི་ནང་ འགོ་ཐོག་བཙག་འཐུའི་སྐབས་ སྲིད་ཚོགས་གཉིས་ཀྱིས་ ཚོགས་རྒྱན་གྱི་ ཁྱད་པར་སྦོམ་མེད་པའི་ འདེམས་ཁོངས་ཚུ་ནང་ ཚོགས་པ་ཚུ་ལུ་ དངུལ་ཀྲམ་༥༠,༠༠༠ ཚུན་ཚོད་ སྤྲོད་ཡོད་པའི་ ལོ་རྒྱུས་གོཝ་མས་ཟེར་ཨིནམ་ད་ མ་དངུལ་འབོར་ཆེན་དེ་ཚུན་ སྤྲོད་མི་ཚུ་ སྲིད་ཚོགས་ཀྱི་ ཚོགས་པ་དེ་ གསརཔ་འཛུལ་ཞུགས་འབད་ཡོད་རུང་ ཧེ་མ་ལས་ འཛུལ་ཡོདཔ་སྦེ་ བཀོད་དེ་བདེ་སྒྲིག་བཟོཝ་མས་ཟེར་ཨིན་མས།
ལོ་རྒྱུས་དེ་ཚུ་ ངེས་བདེན་ཨིན་པ་ཅིན་ འབྲུག་གི་དམངས་གཙོའི་རིང་ལུགས་འདི་ ཁམས་ལོག་སི་སི་དང་ གནས་སྟངས་སྐྱོ་ཅིག་གི་ ལམ་ཕྱོགས་ལུ་ འདྲེན་ནི་གི་ ཉེན་ཁ་སྦོམ་ཡོདཔ་ལས་ འབྲུག་པའི་མི་སེར་ཚུ་གིས་ ཐུགས་རིག་སྒྲིམ་དགོ་པའི་ གནས་སྟངས་ནང་ ལྷོད་ཡོདཔ་ཨིན།
སྲིད་དོན་པ་དང་ གྲོང་གཡུས་གནས་རིམ་ནང་ སྲིད་དོན་པའི་ འགོ་འདྲེན་པ་དང་ ལས་བྱེདཔ་ཚུ་གིས་ ཚོགས་རྒྱན་ཉོ་ནིའི་དོན་ལུ་ ཏི་རུ་སྤྲོད་དོ་ཡོད་པའི་ འཐོར་གཏམ་ཁྱབ་སྤེལ་འགྱོ་ཡོད་མི་དེ་ལུ་ ཐིམ་ཕུ་ལུ་སྡོད་མི་ ལ་ལུ་ཅིག་གིས་ ཏི་རུ་དེ་སྦེ་ བྱིན་པ་ཅིན་ ཁོང་ཆ་ཁྱབ་ཡང་ གྲོང་གཡུས་ནང་ འགྱོ་དགོ་པས་ཟེར་ དགོད་བྲ་སླབ་མི་ཡང་འདུག།
སྲིད་དོན་ཚོགས་པ་ཚུ་གིས་ ཚོགས་པའི་འཐུས་མི་ཚུ་ལས་ ཞལ་འདེབས་དང་ འཛུལ་འཐུས་ཚུ་ བསྡུ་ལེན་འབད་ཐོག་ལས་ མ་དངུལ་བཟོ་དགོཔ་སྦེ་ བཙག་འཐུའི་བཅའ་ཁྲིམས་དང་ བཅའ་ཡིག་ སྒྲིག་གཞི་ཚུ་ནང་ ཁ་གསལ་བཀོད་དེ་ཡོདཔ་མ་ཚད་ འདེམས་ངོ་ཚུ་ལུ་ རྒྱལ་ཁམས་ཀྱི་ བསྐུལ་བསྒྲགས་མ་དངུལ་གུ་ འདེམས་ངོའི་ཁ་ཐུག་ལས་ཡང་ མ་དངུལ་འདྲན་འདྲ་བཙུགས་ཐོག་ལས་ བསྐུལ་བསྒྲགས་འབད་ཆོགཔ་ཨིན་རུང་ ཕྱིའི་གྲོགས་རམ་ཚུ་ ལེན་མ་ཆོགཔ་སྦེ་ཡོདཔ་ཨིན།
དེ་དང་འདྲཝ་སྦེ་ སྲིད་དོན་ཚོགས་པ་དང་ འདེམས་ངོ་ཚུ་གིས་ མ་དངུལ་གྱི་འབྱུང་ཁུངས་དང་ ཟད་རྩིས་ཚུ་ བཙག་འཐུ་ལྷན་ཚོགས་ལུ་ ཕུལ་དགོ་མི་དེ་ཡང་ དྭངས་གསལ་གྱི་དོན་ལུ་ཨིན་མས།
ད་ཚུན་གྱི་བར་ན་ སྲིད་དོན་པ་དང་ ཚོགས་པའི་ལཱ་འབད་མི་ཚུ་གིས་ ཚོགས་རྒྱན་གྱི་ རྒྱབ་སྐྱོར་འཐོབ་ཐབས་ལུ་ ཚོགས་རྒྱན་སྐྱུར་མི་ཚུ་ལུ་ བཟའ་འཐུང་དང་ གྱོན་ཆས་ལ་སོགས་པ་ཚུ་ བྱིན་ཡོད་པའི་ ཉོགས་བཤད་བཀོད་མི་ཚུ་ ལ་ལུ་ཅིག་ བཙག་འཐུ་ལྷན་ཚོགས་ཀྱིས་ ཆ་མེད་བཏང་ཡོདཔ་མ་ཚད་ ལ་ལུ་ཅིག་ལུ་ ཉེས་བྱ་བཀལ་བའི་ཁར་ བཀའ་བཀྱོན་དང་ ཉེན་བརྡ་ཚུ་བྱིན་ནུག།
ཨིན་རུང་ བཙག་འཐུའི་ནང་ལྷོདཔ་ད་ འབྲུག་པའི་མི་སེར་ཚུ་ སྤྱང་དྲགས་ཅན་ཅིག་ཨིན་མི་དེ་ཡང་ ནང་གསུག་ག་དེ་སྦེ་ར་རྐྱབ་རུང་ ཁོང་རའི་ ཐོབ་དབང་སྤྱོད་ནིའི་ཐད་ལུ་ལྷོདཔ་ད་ འཛོལ་བ་བཟོ་ནི་མེདཔ་ད་ དེ་ཡང་ དཔེ་འབད་བ་ཅིན་ སྤྱི་ལོ་༢༠༠༨ ཀྱི་ བཙག་འཐུའི་སྐབས་ ཏི་རུ་སྤྲོད་དེ་བཞག་མི་ ཚོགས་པ་ཚུ་གིས་ཡང་ རང་གི་སྲིད་ཚོགས་ལུ་མིན་པར་ སྲིད་ཚོགས་གཞན་ལུ་ ཚོགས་རྒྱན་བཙུགས་ཡོད་པའི་ ལོ་རྒྱུས་ཚུ་ཡང་ ཐོན་ཡོདཔ་ཨིན།
ད་རིས་ཀྱི་ སྤྱིར་བཏང་བཙག་འཐུའི་སྐབས་ལུ་ཡང་ སྲིད་ཚོགས་ཚུ་གིས་ ཕུགས་ལུ་མིན་པར་ འཕྲལ་ལུ་ལྟ་སྟེ་ མ་དངུལ་འབོར་ཆེན་སྦེ་ ཟད་འགྲོ་བཏང་ཐོག་ལས་ ཚོགས་རྒྱན་ཉོ་ནི་གི་ འོས་འབབ་ཡོདཔ་ལས་ ཚོགས་རྒྱན་སྐྱུར་མི་ཚུ་གིས་ ན་ཐན་དྲནམ་བཏོན་ཏེ་ རང་སོའི་ཐོབ་དབང་ཚུ་ ཚུལ་ལྡན་སྦེ་ བསྟར་སྤྱོད་ཐོག་ འཕྲལ་ཕུགས་གཉིས་ཆ་ར་ལུ་ ཕན་ཐོགས་ཚུགས་མི་ སྲིད་ཚོགས་དང་ འདེམས་ངོ་ཚུ་ བཙག་འཐུ་འབད་དགོ་ཟེར་ ཞུ་ནི་ཨིན།

No comments:

Post a Comment