གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཆེ་མཐོ་ཁྲིམས་འདུན་གྱིས་ དམངས་དངུལ་སྒེར་སྤྱོད་ཀྱི་ བཙོན་ཁྲིམས་མར་ཕབ།

༢༨/༦/༢༠༡༣   བཙོན་ཁྲིམས་མཐོ་ཤོས་ཕོག་མི་མ་གཏོགས་ མཐོ་གཏུགས་པ་གཞན་༤ ཆ་ར་ལུ་ ཁྲིམས་འཐུས་སྤྲོད་ཆོག་པའི་ འཁྲུན་ཆོད་གནང་ནུག།
༉ སྤྱི་ཟླ་༦ པའི་ཚེས་༢༦ ལུ་ ཆེ་མཐོ་ཁྲིམས་འདུན་གྱིས་ དགེ་ལེགས་ཕུག་ འབྲུག་རྒྱལ་ཡོངས་ཡན་ལག་དངུལ་ཁང་ནང་ དངུལ་ཀྲམ་ས་ཡ་༡༡.༩༥ སྒེར་སྤྱོད་འབད་བའི་ འབྲེལ་གནད་ནང་ ཁྲིམས་ཕོག་མི་ མཐོ་གཏུགས་པ་༥ གི་ བཙོན་ཁྲིམས་མར་ཕབ་འབད་དེ་ ཐོག་མའི་འཁྲུན་ཆོད་ཆ་ཤས་ཅིག་ བསྒྱུར་བཅོས་འབད་ནུག།


རྩོད་ཟླ་༥ གིས་ གསར་སྤང་རྫོང་ཁག་ཁྲིམས་འདུན་གྱི་ གྲོས་ཆོད་ལུ་ ཁེ་རྒུད་མ་བཏུབ་པར་ ཆེ་མཐོ་ཁྲིམས་འདུན་ལུ་ བཙོན་ཁྲིམས་མར་ཕབ་གནང་དགོ་པའི་ མཐོ་གཏུགས་འབད་ཡོདཔ་ཨིན་པས།
བཙོན་ཁྲིམས་མར་ཕབ་འབདཝ་མ་གཏོགས་ ཐོག་མའི་ཁྲིམས་འདུན་ལས་ ལྟ་ཞིབ་དང་ བཤེར་དཔྱད་འབད་བའི་ འཁྲུན་ཆོད་ཀྱི་ གཞི་དོན་ཚུ་ བསྒྱུར་བཅོས་མེད་པར་ གཞི་འཛིན་འབད་ཡི་ཟེར་ འཁྲུན་ཆོག་གནང་མི་ ཆེ་མཐོ་ཁྲིམས་འདུན་གྱི་ ཁྲིམས་ཁྲི་༡ པའི་ དྲང་དཔོན་གཉིས་ཀྱིས་ སླབ་ཨིན་པས།
ཁྲིམས་འདུན་གྱིས་ བཙོན་ཁྲིམས་ལོ་ངོ་༡༡ ཕོག་མི་ལུ་ ལོ་༥ དང་ དེ་ལས་ ལོ་༥ དང་༤ ཕོག་མི་ལུ་ ལོ་༢ རེ་ ཕབ་བཏང་ཡོདཔ་མ་ཚད་ བཙོན་ཁྲིམས་ལོ་ཕྱེད་དང་༤ ཕོག་མི་༢ ལུ་ ལོ་ཕྱེད་དང་གཉིས་གུ་ ཕབ་བཏང་ཡོདཔ་ཨིན་པས།
ན་ཧིང་ སྤྱི་ཟླ་༦ པའི་ཚེས་༨ ལུ་ གསར་སྤང་རྫོང་ཁག་ཁྲིམས་འདུན་གྱིས་ དྲུང་ཁག་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ གཞི་འཛིན་འབད་དེ་ ཉེས་ལས་འཐབ་མི་གཙོ་ཅན་ འབྲུག་རྒྱལ་ཡོངས་ཡན་ལག་དངུལ་ཁང་གི་ ཉེན་ལེན་འཛིན་སྐྱོང་པ་ སངས་རྒྱས་རྡོ་རྗེ་ལུ་ བཙོན་ཁྲིམས་ལོ་༡༡ བཀལ་ཡོད་མི་དེ་ཡང་ ཁོ་གིས་ སྤྱི་ལོ་༢༠༡༠ ཟླ་༡༢ པའི་ནང་ དངུལ་ཁང་གི་ དམངས་དངུལ་ས་ཡ་༡༡.༩༥ སྒེར་སྤྱོད་དང་ ཡིག་ཚང་གི་ བྱ་སྤྱོད་ངན་པ་འཐབ་པའི་ ཁྲིམས་ཚད་སྟབས་གཅིག་ལུ་ བཀལ་ཡོདཔ་ཨིན་པས།
འདི་འབདཝ་ད་ ཆེ་མཐོ་ཁྲིམས་འདུན་གྱི་ གྲོས་ཆོད་ནང་ མཐོ་གཏུགས་པ་ སངས་རྒྱས་རྡོ་རྗེ་ལུ་ ལྐོག་ཟ་དང་ ཡིག་ཚང་གི་བྱ་སྤྱོད་ངན་ བློ་གཏད་བར་རྐྱེན་གྱི་ ཉེས་པ་ཚུ་ལུ་ དབྱེ་དཔྱད་མཛདཔ་ད་ མ་དངུལ་སྒེར་སྤྱོད་འབདཝ་ད་ ཡིག་ཚང་གི་ བྱ་སྤྱོད་ངན་པ་དང་ བློ་གཏད་བར་རྐྱེན་གྱི་ ཉེས་པ་རང་བཞིན་གྱིས་ བྱུང་དགོཔ་ལས་ ཉེས་འགལ་གཅིག་ལུ་ ཉེས་པ་གསུམ་འབདཝ་ད་ ལྐོག་ཟའི་ཉེས་པ་བཀལ་ཡོད་པ་ཅིན་ ཉེས་འཛུགས་གཞན་ཁག་གཉིས་ཀྱི་ ཉེས་ཁྲིམས་སྨིན་དགོཔ་མེད་མི་ལུ་བརྟེན་ ཁྲིམས་ཚད་སྟབས་གཅིག་ལུ་སྦེ་ ལོ་ངོ་༥ བཙོན་དུ་སྨིན་ཏེ་ ཐོག་མ་ཁྲིམས་འདུན་གྱི་ འཁྲུན་ཆོད་ཆ་ཤས་ཅིག་ བསྒྱུར་བཅོས་འབད་ཡི་ཟེར་བཀོད་ནུག།
ད་རུང་ ཆེ་མཐོ་ཁྲིམས་འདུན་གྱིས་ ཉེས་ལས་ནང་ ཆ་རོགས་དང་ མཉམ་འབྲེལ་འབད་མི་ མཐོ་གཏུགས་པ་གཞན་༤ གི་ བཙོན་ཁྲིམས་ལོ་༥ ལས་ ལོ་ཕྱེད་དང་གཉིས་ལུ་ མར་ཕབ་རྐྱབ་ཡོདཔ་ཨིན་པས།
དངུལ་ཁང་གི་ འགོ་དཔོན་ལས་རོགས་ མོ་ན་རཱཐ་ ཨ་ཅ་རི་ཡ་གིས་ དམངས་དངུལ་སྒེར་སྤྱོད་འབད་བའི་སྐོར་ ཤེས་རྟོགས་བྱུང་ཡོད་རུང་ དབང་འཛིན་འགོ་དཔོན་ལུ་ སྙན་ཞུ་མ་འབད་བའི་ཁར་ ཡིག་ཚང་གི་ བྱ་སྤྱོད་ཚུལ་མིན་འཐབ་མི་ལུ་བརྟེན་ ཐོག་མའི་ཁྲིམས་འདུན་གཉིས་ཆ་ར་གིས་ ཁོ་ལུ་ བཙོན་ཁྲིམས་ལོ་༥ བཀལ་ནུག།
དེ་བསྒང་ ཉེས་བཤེར་འབད་མི་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཁྲིམས་འདུན་ལུ་ ཞུ་མིའི་ནང་ རྩོད་ཟླ་སངས་རྒྱས་རྡོ་རྗེ་དང་ མོ་ན་རཱཐ་ ཨ་ཅ་རི་ཡ་ལུ་ མ་དངུལ་ཚུལ་མིན་སྤྱོད་མི་དང་ དབང་ཚད་ལོག་སྤྱོད་ བློ་གཏད་བར་རྐྱེན་ དེ་ལས་ ཁྲིམས་འགལ་གྱི་ཐོག་ལས་ དམངས་དངུལ་ས་ཡ་༡༡.༩༥ རྩོད་ཟླའི་མཉམ་རོགས་༤ ལུ་ འཛིན་གྲོལ་འབད་ཡོད་པའི་ ཉེས་པ་ཁག་༤ ཕོག་དགོ་ཟེར་ཨིནམ་ད་ དེ་ཡང་ ཁོང་༢ ཀྱིས་ རྩོད་ཟླའི་མཉམ་རོགས་ པ་སངས་ཏ་མང་ལུ་ དངུལ་ཀྲམ་ས་ཡ་༩.༣༠ དང་ ཕུན་ཚོགས་སྟོབས་རྒྱས་ལུ་ དངུལ་ཀྲམ་ས་ཡ་༡.༡༥༠ རྣམ་རྒྱལ་རྡོ་རྗེ་ལུ་ དངུལ་ཀྲམ་ས་ཡ་༡ དེ་ལས་ ཚེ་དབང་ལ་ལུ་ དངུལ་ཀྲམ་ས་ཡ་༠.༥ སྤྲོད་ཡོདཔ་ཨིན་པས།
དེ་འབདཝ་ད་ ཆེ་མཐོ་ཁྲིམས་འདུན་གྱིས་ མོ་ན་རཱཐ་ ཨ་ཅ་རི་ཡ་ལུ་ ཡིག་ཚང་གི་ བྱ་སྤྱོད་ངན་པའི་ ཉེས་པ་རྐྱངམ་གཅིག་བཀལ་ཏེ་ བཙོན་ཁྲིམས་ལོ་༢ ལུ་ མར་ཕབ་བཏང་མི་དེ་ཡང་ ཁྲིམས་འཐུས་བཏབ་ཆོག་པའི་ འཁྲུན་ཆོད་གནང་ནུག།
རྩོད་ཟླའི་མཉམ་རོགས་༤ ག་ར་ ཁག་འབགཔ་ཨིནམ་ད་ ཁོང་གི་གྲས་ལས་ པ་སངས་ཏ་མང་ལུ་ བཙོན་ཁྲིམས་ལོ་༤ ཕོག་མི་ལས་ ལོ་༢ ལུ་ མར་ཕབ་འབད་བའི་ཁར་ ཕུན་ཚོགས་སྟོབས་རྒྱས་དང་ རྣམ་རྒྱལ་རྡོ་རྗེ་གཉིས་ལུ་ བཙོན་ཁྲོམས་ལོ་༣ དང་ཟླཝ་༦ རེ་ཕོག་ཡོད་མི་ལས་ ལོ་༡ དང་ཟླཝ་༦ ལུ་ ཕབ་བཏོང་ཡོདཔ་ད་ ཁོང་༣ གྱིས་་ཡང་ ཁྲིམས་འཐུས་བཏབ་ཆོག་ནི་ཨིན་པས།
དམངས་དངུལ་སྒེར་སྤྱོད་འབད་མིའི་སྐོར་ལས་ སྤྱི་ལོ་༢༠༡༠ ཟླཝ་༡༡ པའི་ཚེས་༢ ལས་༧ ཚུན་ ཐིམ་ཕུ་ལས་ འབྲུག་རྒྱལ་ཡོངས་དངུལ་ཁང་གི་ རྩིས་ཞིབ་སྡེ་ཚན་ཅིག་གིས་ ནང་འཁོད་རྩིས་ཞིབ་འབདཝ་ད་ དངུལ་རྩིས་དང་ ཡིག་ཆ་ཚུ་ ཀྲིག་ཀྲི་ཡོདཔ་ལས་ རྩིས་ལྷག་ཆད་ཀྱི་ སྐྱོན་ག་ནི་ཡང་ བདའ་མ་ཟུན་རུང་ སྙན་ཞུ་ཐོབ་མི་དང་འཁྲིལ་ ནང་འཁོད་རྩིས་ཞིབ་སྡེ་ཚན་དེ་ ལོག་དགེ་ལེགས་ཕུག་ལུ་སོང་སྟེ་ སྤྱི་ཟླ་༡༢ པའི་ཚེས་༡༣ ལུ་ ཧང་སྟོང་མ་སྦེ་ རྩིས་ཞིབ་རྐྱབ་ད་ དངུལ་ཀྲམ་ས་ཡ་༡༡.༩༥ ཆད་ཐོན་པའི་སྐབས་ ཤེས་རྟོགས་བྱུང་ཡོདཔ་ཨིན་པས།
ད་རུང་ ནང་འཁོད་རྩིས་ཞིབ་སྡེ་ཚན་གྱིས་ ཚེས་གྲངས་མ་བཀོད་པའི་ དངུལ་ཀྲམ་ས་ཡ་༢.༣༠ དང་ དངུལ་ཀྲམ་ས་ཡ་༢.༡༢ འབད་མི་ དངུལ་འཛིན་ཅེག་༢ གུ་ རྩོད་ཟླའི་མཉམ་རོགས་ པ་སངས་ཏ་མང་གིས་ རང་གི་ཟེར་བཀོད་དེ་ སྤྲོད་ཡོད་མི་ཡང་ དངུལ་ཁང་གི་ ཏི་རུ་བཞག་ས་ལས་ ཐོབ་ཡོདཔ་མ་ཚད་ དེ་དང་གཅིག་ཁར་ ཚེ་དབང་ལ་གིས་ རང་གི་ཟེར་བཀོད་དེ་ སྤྲོད་ཡོད་མི་ དངུལ་ཀྲམ་འབུམ་༥ འབད་མི་ དངུལ་འཛིན་ཅེག་༣ པ་དེ་ཡང་ ཐོབ་ཡོདཔ་ཨིན་པས།
རྩོད་ཟླ་༢ ཀྱིས་ དངུལ་འཛིན་ཅེག་དེ་ཚུ་གི་ཐོག་ལས་ རྩོད་ཟླའི་མཉམ་རོགས་ཚུ་ལུ་ རང་སོའི་དངུལ་ཁང་གི་ རྩིས་དེབ་ནང་ མ་དངུལ་ལངམ་མེད་རུང་ ཏི་རུ་སྤྲོད་ཡོད་པའི་ ངོས་འཛིན་བྱུང་ཡོདཔ་མ་ཚད་ དངུལ་ཀྲམ་ས་ཡ་༧.༠༣ ཆད་ཐོན་མི་ལུ་ ཡིག་ཆ་ག་ནི་ཡང་མེདཔ་ཨིན་པས།
རྩོད་ཟླ་སངས་རྒྱས་རྡོ་རྗེ་དང་ མོ་ན་རཱཐ་ ཨ་ཅ་རི་ཡ་༢ ཆ་ར་གིས་ ཉེས་ལས་འཐབ་པའི་ རྫུན་ཁ་བཟེད་མི་དང་འཁྲིལ་ རྩིས་ཞིབ་ཀྱིས་ ཧང་སྟོང་མར་སྦེ་ རྩིས་ཞིབ་འབད་བའི་ ཉིན་མ་ར་ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ བཞག་ཡོད་རུང་ ཁོང་གིས་ སྒེར་སྤྱོད་འབད་མི་ དངུལ་འབོར་དེ་ ལོག་བཙུགས་མི་ལུ་བརྟེན་ དེ་གི་ནངས་པ་ ལོག་བཏང་པའི་ཁར་ དགེ་ལེགས་ཕུག་ཁྲིམས་སྲུང་འགག་པ་གིས་ཡང་ རྩོད་དོན་དེ་ ཕྱིར་བཏོན་འབད་ཡོདཔ་ཨིན་པས།
དེ་འབདཝ་ད་ ཐིམ་ཕུ་ལས་ ཁྲིམས་སྲུང་འགག་སྡེའི་ དམིགས་བསལ་སྡེ་ཚན་ཅིག་འོང་སྟེ་ ཞིབ་དཔྱད་སྤྱི་ལོ་༢༠༡༠ ཟླཝ་༡༢ པའི་ཚེས་༢༥ ལུ་ སངས་རྒྱས་རྡོ་རྗེ་དང་ མོ་ན་རཱཐ་ ཨ་ཅ་རི་ཡ་༢ ཆ་ར་ ལོག་འཛིན་བཟུང་འབད་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

No comments:

Post a Comment