གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རི་བེ་ཀ་གུ་རུང་གིས་ སྤྱིར་བཏང་གྲོས་འཛོམས་ནང་ གྲལ་གཏོགས་མི་འབད་ནི།

༢༠/༦/༢༠༡༣   ༉ ཁ་ཙ་ སྒོམ་ཀྲུ་ལུ་སྦེ་ སྤྱིར་བཏང་གྲོས་འཛོམས་འགོ་འདྲེན་འཐབ་པའི་སྐབས་ འབྲུག་ཕུན་སུམ་ཚོགས་པའི་ ཕུན་སུམ་དཔལ་རི་- བསམ་རྩེ་ འདེམས་ཁོངས་ཀྱི་འདེམས་ངོ་ རི་བེ་ཀ་གུ་རུང་གིས་ བཅའ་མར་མི་གཏོགས་ནི་སྦེ་ སེམས་ཐག་བཅད་ཡོདཔ་ཨིན་རུང་ མི་སེར་དམངས་གཙོ་ཚོགས་པའི་ནང་ དི་ན་ནཱཐ་དུང་ངལ་གྱིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།


སྤྱིར་བཏང་གྲོས་འཛོམས་ འབད་བའི་སྐབས་ བཅའ་མར་གཏོགས་མི་ མི་སེར་༡༠༠ དེ་ཅིག་འོང་ཡོདཔ་ད་ དེ་གི་གྲས་ལས་ མང་ཤོས་གཅིག་གིས་ མོ་གིས་བཅའ་མར་མ་གཏོགས་མི་ལུ་བརྟེན་ སེམས་མ་དགའ་ཟེར་ཨིནམ་ད་ ལ་ལུ་གཅིག་གིས་འབད་བ་ཅིན་ སྤྱིར་བཏང་གྲོས་འཛོམས་ནང་ བཅའ་མར་མ་གཏོགས་མི་གིས་ ཁྱད་པར་ག་ཅི་ཡང་ བཟོ་མི་ཚུགས་ཟེར་ཨིན་པས།
རི་བེ་ཀ་གུ་རུང་གིས་ ངོས་ལེན་འགོ་དཔོན་ངོ་ཚབ་ལུ་ ཞུ་ཡིག་བཙུགས་ཐོག་ལས་ མོ་གིས་ རྒེད་འོག་༤ པོ་ཆ་ར་ ནང་ འགོ་འདྲེན་འཐབ་ནི་ཨིན་མི་ སྤྱིར་བཏང་གྲོས་འཛོམས་ནང་ བཅའ་མར་མི་གཏོགས་ཟེར་ ཞུ་ཡིག་བཙུགས་ཡོདཔ་ཨིན་པས།
རྒྱལ་ཁབ་ནང་ ཨམ་སྲུ་ བཟོ་རིག་འགོ་དཔོན་ དང་པ་ཨིན་མི་ རི་བེ་ཀ་མོ་ར་ སྐྱེས་སའི་གཡུས་དེ་ ནོར་བུ་སྒང་རྒེད་འོག་ དབྱངས་འཕེལ་ཐང་ སྤྱི་འོག་ལས་ཨིནམ་བཞིན་དུ་ མོ་ར་ ས་གནས་ནང་གི་ མི་སེར་མང་ཤོས་ཅིག་གིས་ ངོ་མི་ཤེས་དོ་ཡོདཔ་ལས་ མི་སེར་ཚུ་གིས་འབད་བ་ཅིན་ ངོ་ཤེས་ཚུགས་ནིའི་དོན་ལས་ སྤྱིར་བཏང་གྲོས་འཛོམས་ནང་ བཅའ་མར་གཏོགས་དགོཔ་དེ་ གནམ་མེད་ས་མེད་ཁག་ཆེ་ཟེར་ཨིན་པས།
ཚོགས་རྒྱན་བཙུགས་མི་ལ་ལུ་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ མོ་གིས་ རྒྱལ་ཡོངས་ཀྱི་ཁ་སྐད་ རྫོང་ཁ་དེ་ ལེགས་ཤོམ་སྦེ་ སླབ་མ་ཚུགས་མི་ལུ་བརྟེན་ ལས་རིམ་ནང་ བཅའ་མར་མི་གཏོགས་པས་ཟེར་བཤད་ཅི།
ཚོགས་རྒྱན་བཙུགས་མི་ལ་ལུ་ཅིག་གིས་ འབད་བ་ཅིན་ འགོ་ཐོག་བཙག་འཐུའི་སྐབས་ མོ་ར་རྒྱལ་ཁ་ཐོབ་མི་དེ་ ཁོང་གིས་ ཚོགས་པ་ལུ་ལྟ་སྟེ་ བཙུགས་ནི་དེ་གིས་ཨིན་རུང་ སྤྱིར་བཏང་བཙག་འཐུ་ནང་ལྷོདཔ་ད་ འདེམས་ངོ་ལུ་ ལྟ་སྟེ་བཙུགས་ནི་ཨིན་ཟེར་ཨིན་པས།
སྐྱེས་ལོ་༤༧ ལང་མི་ ལོག་ནཱཐ་གིས་ བཤད་མི་དང་འཁྲིལཝ་ད་ སྤྱིར་བཏང་གྲོས་འཛོམས་འགོ་འདྲེན་འཐབ་མི་དེ་ཡང་ ཁོང་གིས་ མི་སེར་གྱི་ རེ་འདོད་གྲུབ་ཚུགས་ནིའི་དོན་ལུ་ ག་དེ་སྦེ་སླབ་དོ་ཡོདཔ་ཨིན་ན་ མི་སེར་གྱི་དཀའ་ངལ་ཚུ་ ག་དེ་སྦེ་ ཧ་གོ་དོ་ག་ མི་སེར་གྱིས་ ཧ་གོ་བཅུག་ནིའི་དོན་ལས་ ཨིན་ཟེར་ཨིན་པས།
དེ་འབདཝ་ད་ འདེམས་ངོ་ཕུད་རྡོག་༡ གིས་ རྐྱངམ་གཅིག་གིས་ ཞལ་འཛོམས་ནང་ བཅའ་མར་གཏོགས་ཏེ་ མི་སེར་དང་ ཕྱད་པ་འོངམ་ད་ ཚོགས་རྒྱན་དེ་ཡང་ ཁོ་ལུ་ར་ བཙུགས་དགོ་ནི་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ས་གནས་ནང་ མི་སེར་མང་ཤོས་ཅིག་གིས་ འབྲུག་ཕུན་སུམ་ཚོགས་པའི་ འདེམས་ངོ་གི་ མིང་རྐྱངམ་གཅིག་ མ་གཏོགས་ འདེམས་ངོ་དེ་ ངོ་ཤེས་མི་གངམ་མེད་ཟེར་ཨིན་པས།
ཚེ་རིང་རྡོ་རྗེ་ཏ་མང་གིས་ སླབ་མིའི་ནང་ འགོ་ཐོག་བཙག་འཐུའི་སྐབས་ འདེམས་ངོ་ཚུ་གིས་ མི་སེར་དང་ ཕྱད་ནི་ལུ་ ལཱ་ཁག་རྐྱབ་ཅི་ སླབ་ཨིན་རུང་ དེ་སྦེ་ཨིན་པ་ཅིན་ སྤྱིར་བཏང་གྲོས་འཛོམས་ནང་ བཅའ་མར་གཏོགས་ཏེ་ མི་སེར་དང་ཕྱད་དགོཔ་དེ་ ག་ནི་བ་ ཁག་ཆེ་ཟེར་ཨིན་པས།
ཚོགས་རྒྱན་བཙུགས་མི་ ལ་ལུ་ཅིག་གིས་འབད་བ་ཅིན་ ཁོང་གི་ ཚོགས་རྒྱན་དེ་ ག་ལུ་བཙུགས་ནི་ཨིན་ན་ བློ་ཐག་བཅད་ཚར་ནི་དེ་གིས་ སྤྱིར་བཏང་གྲོས་འཛོམས་འགོ་འདྲེན་མ་འཐབ་རུང་ ཁྱད་པར་ཅིག་ག་ཅི་ཡང་ བཟོ་མི་ཚུགས་ཟེར་ཨིན་པས།
རི་བེ་ཀ་གུ་རུང་གིས་ འབད་བ་ཅིན་ མི་སེར་དང་ཕྱད་ནིའི་དོན་ལས་ སྒོ་བཤལ་རྐྱབ་སྟེ་ ཁས་བླངས་གསལ་བསྒྲགས་འབད་ནི་དེ་ དྲག་པས་ཟེར་ཨིནམ་ད་ མོ་གིས་ སྤྱིར་བཏང་གྲོས་འཛོམས་ནང་ བཅའ་མར་མི་གཏོགས་ནི་སྦེ་ སེམས་ཐག་བཅད་མི་དེ་གིས་ ཚོགས་རྒྱན་ལུ་ མི་གནོདཔ་འོང་ཟེར་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་ འདེམས་ངོ་ དི་ན་ནཱཐ་ དུང་ངལ་གྱིས་ སྤྱིར་བཏང་གྲོས་འཛོམས་ནང་ བཅའ་མར་གཏོགས་ཞིནམ་ལས་ ཚོགས་པ་གིས་ བསམ་རྩེ་རྫོང་ཁག་ནང་ གོང་འཕེལ་གྱི་ལཱ་ག་ཅི་བཟུམ་འབག་འོང་ཚུགས་ག་དང་ དབང་ཚད་ཕྱིར་སྤེལ་གྱི་ སྐོར་ལས་ བཤད་ཡོདཔ་ཨིན།
རྒྱབ་སྐྱོར་པ་ཅིག་གིས་ སླབ་མི་དང་འཁྲིལཝ་ད་ ཁོ་གིས་ མནོ་དོ་བཟུམ་འབད་བ་ཅིན་ གཞུང་གསར་པའི་ དུས་ཚོད་དེ་ རན་དོ་བཟུམ་ཅིག་འདུག་ཟེར་ཨིནམ་ད་ མ་གཞི་ འདེམས་ངོ་གི་སྐོར་ལས་ གོ་ཡོད་རུང་ ལེགས་ཤོམ་སྦེ་མ་མཐོངམ་ལས་ ད་རེས་ བལྟ་ནི་ཨིན་ཟེར་ཨིན་པས།
དི་ན་ནཱཐ་གིས་འབད་བ་ཅིན་ སྤྱིར་བཏང་གྲོས་འཛོམས་དེ་ར་ མི་སེར་ཚུ་གིས་ འདེམས་ངོ་ག་གིས་ ལེགས་ཤོམ་སྦེ་ ཞུ་ཚུགས་ག་ ལྟ་ཞིབ་འབད་ནིའི་དོན་ལུ་ ཨིནམ་མ་ཚད་ ཤུལ་ལས་ བཙག་འཐུ་འགྲུབ་སྟེ་ ཐོན་སོང་པ་ཅིན་ སྤྱི་ཚོགས་ནང་ གྲོས་འབུལ་གྱི་ཞུ་བ་ཚུ་ རྫོང་ཁའི་ཐོག་ལས་ར་ ཞུ་དགོཔ་ཨིན་ཟེར་ཨིན་པས།
ཁོ་གིས་ ད་རུང་འགོ་འདྲེན་འཐབ་ནི་ཨིན་མི་ སྤྱིར་བཏང་གྲོས་འཛོམས་གཞན་མི་ཚུ་ན་ཡང་ བཅའ་མར་གཏོགས་ནི་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment