གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འདེམས་ངོ་༢ ཆ་ར་ལུ་ ལྕོགས་གྲུབ་ཡོདཔ་ལས་ གདམ་ཁ་རྐྱབ་ནི་ལུ་མགུ་འཐོམ།

༢༢/༦/༢༠༡༣   ༉ མོང་སྒར་རྫོང་ཁག་གི་ མོང་སྒར་འདེམས་ཁོངས་ནང་ལས་ འབྲུག་མཉམ་རུབ་ཚོགས་པའི་ རྒྱབ་སྐྱོར་པ་ཚུ་གིས་ འོག་ཐོག་གི་ བཙག་འཐུའི་གྲུབ་འབྲས་གསལ་སྟོན་འབད་ཞིནམ་ལས་ཚུར་ སྤྱིར་བཏང་བཙག་འཐུའི་ནང་ ཚོགས་རྒྱན་བཙུག་པར་འགྱོ་ནི་ལུ་ སྒྱིད་ཐག་སྐྱུར་སུ་ཅིག་འགྱོ་བའི་ ལོ་རྒྱུས་སླབ་སར་གོ་མི་དེ་ཡང་ ཁོང་གིས་མནོ་མི་འདེམས་ངོ་ འཇིགས་མེད་བཟང་པོ་གི་ ཚོགས་པ་ཕམ་མི་ལུ་བརྟེན་ཨིན་པས།
མོང་སྒར་འདེམས་ཁོངས་ཀྱི་ འཇིགས་མེད་བཟང་པོ་དང་ ཀརྨ་ལྷ་མོ།


ཨིན་རུང་ ཁོང་ཆ་ཁྱབ་ སྒྱིད་ཐག་སྐྱུར་སུ་འགྱོ་མི་དེ་ ད་རེས་འབདཝ་ད་ སངས་ཡོད་མི་དེ་ཡང་ འཇིགས་མེད་བཟང་པོ་གིས་ ལོག་སྟེ་ར་ མི་སེར་དམངས་གཙོ་ཚོགས་པའི་ འདེམས་ངོ་སྦེ་ དོ་འགྲན་འབད་ནི་དེ་གིས་ཨིནམ་ད་ མོང་སྒརཔ་ལ་ལུ་ཅིག་གིས་ སླབ་མིའི་ནང་ འཇིགས་མེད་བཟང་པོ་དེ་ གལ་སྲིད་ ཁོ་གི་ཚོགས་པ་དེ་གིས་ གཞུང་སྐྱོང་ནིའི་གོ་སྐབས་འཐོབ་པ་ཅིན་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོའི་གྲངས་སུ་ གཅིག་ ཁོ་འོང་དགོཔ་ཨིན་ཟེར་ཨིན་པས།
རྒྱབ་སྐྱོར་པ་ཅིག་གིས་ སླབ་མིའི་ནང་ འཇིགས་མེད་བཟང་པོ་དེ་ མི་སེར་ཕལ་པ་ཅིག་གིས་ཡང་ འབྲེལ་བ་འཐབ་ཚུགས་པའི་ མི་བཟང་ཅིག་ཨིནམ་ལས་བརྟེན་ མི་སེར་ཚུ་གིས་ ཁོ་བཟུམ་དགོཔ་ཨིན་ཟེར་ཨིན་པས།
ཨིན་རུང་ མི་སེར་ལ་ལུ་ཅིག་གིས་ སླབ་མིའི་ནང་ ཧེ་མའི་འདེམས་ངོ་ ཀརྨ་ལྷ་མོ་ཡང་ ལྕོགས་གྲུབ་ཅན་གྱི་འཐུས་མི་ཅིག་ཨིནམ་མ་ཚད་ སྤྱི་ཚོགས་ནང་ ཨམ་སྲུ་ཚུ་གི་ དཀའ་ངལ་ཚུ་བསལ་ཚུགས་མི་དེ་ མོ་ཨིནམ་ལས་ རྒྱབ་སྐྱོར་ཡོད་ཟེར་ཨིན་པས།
རྩ་མང་རྒེད་འོག་ལས་ མི་སེར་ལ་ལུ་ཅིག་གིས་འབད་བ་ཅིན་ ཀརྨ་ལྷ་མོ་ཡང་ གལ་སྲིད་ འབྲུག་ཕུན་སུམ་ཚོགས་པ་དེ་ བཙག་འཐུ་འགྲུབ་ཚུགས་པ་ཅིན་ མོ་གིས་ཡང་ བློན་པའི་གོ་གནས་འཐོབ་ནི་ཟེར་གོ་ཡི་ཟེར་ཨིནམ་མ་ཚད་ མོ་ར་ཨམ་སྲུ་ཅིག་འབད་མི་ལུ་བརྟེན་ མི་སེར་ཚུ་གིས་ལྟ་རུང་ གོ་སྐབས་མཐོངམ་མས་ཟེར་ཨིན་པས།
མི་སེར་ལ་ལུ་ཅིག་གིས་ སླབ་མིའི་ནང་ མ་གཞི་ཁོ་ར་ ཧེ་མ་ འཇིགས་མེད་བཟང་པོ་གིས་ མི་སེར་དམངས་གཙོ་ཚོགས་པའི་ ཁས་བླངས་གསལ་བསྒྲགས་ཚུ་ལུ་ ཁ་བཏང་ཡོད་རུང་ ད་རེས་ ཁོ་ར་ཡང་ ཚོགས་པ་དེ་དང་གཅིག་ཁར་ཨིནམ་ལས་ ཁོ་གིས་ ཧེ་མ་ འཇིགས་མེད་བཟང་པོ་ལུ་ རྒྱབ་སྐྱོར་འབད་ཡོད་རུང་ ད་ལས་ཕར་ རྒྱབ་སྐྱོར་འབད་ནི་ལུ་ སྤྲོ་བ་ཞན་བཅུག་ཡི་ཟེར་ཨིན་པས།
མི་སེར་ལ་ལུ་ཅིག་གིས་ བསམ་འཆར་བཀོད་དོ་བཟུམ་འབད་བ་ཅིན་ འགོ་ཐོག་བཙག་འཐུའི་སྐབས་ལུ་ ཕམ་སོ་མི་སྲིད་ཚོགས་༢ ཀྱིས་ ད་ལྟོ་ མི་སེར་དམངས་གཙོ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་ནི་བཟུམ་ཡོད་རུང་ མི་སེར་ཚུ་གིས་ འབྲུག་ཕུན་སུམ་ཚོགས་པའི་ གཙོ་འཛིན་དེ་ལུ་ལྟ་སྟེ་ རྒྱབ་སྐྱོར་འབད་ནིའི་འོས་འབབ་ཡང་ མཐོངམ་མས་ཟེར་ཨིན་པས།
ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་ཆོག་མི་ཅིག་གིས་ སླབ་མིའི་ནང་ ཧེ་མ་ ཁོ་ར་ འབྲུག་མཉམ་རུབ་ཚོགས་པ ལུ་ རྒྱབ་སྐྱོར་འབད་ཡོད་རུང་ ད་ལས་ཕར་ མི་སེར་དམངས་གཙོ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་དགོཔ་མེད་ཟེར་ཨིན་པས།
མི་སེར་ཚུ་གིས་ བསམ་འཆར་ཚུ་ ག་དེ་སྦེ་ར་བཀོད་རུང་ ད་རེས་ནངས་པ་ མོང་སྒར་འདེམས་ཁོངས་ཀྱི་འདེམས་ངོ་ ཀརྨ་ལྷ་མོ་དང་ འཇིགས་མེད་བཟང་པོ་༢ ཀྱིས་ ཁས་བླངས་གསལ་བསྒྲགས་ཚུ་ ག་དེ་དྲག་དྲག་འབད་སར་མཐོངམ་ད་ སྤྱི་ཟླ་༦ པའི་ཚེས་༢༠ ལུ་ མི་མང་རྩོད་འགྲན་གྱི་ ལས་རིམ་སྐབས་ལུ་ཡང་ ག་ཅི་སླབ་དགོཔ་ཡོདཔ་ཨིན་ན་ཚུ་ སྦ་གསང་ག་ནི་ཡང་མེད་པར་ སླབ་ཨིན་པས།
འཇིགས་མེད་བཟང་པོ་གིས་ ཁོ་རའི་ ཚོགས་པའི་ཁས་བླངས་ཚུ་ མདོར་བསྡུས་སུ་དང་ ཁོ་ར་ མི་སེར་དམངས་གཙོ་ཚོགས་པའི་ནང་འཛུལ་དགོ་པའི་དམིགས་ཡུལ་ཚུ་ སླབ་ཡོདཔ་ད་ དེ་ཡང་ ཁོ་གིས་ ཁྲིམས་མཐུན་ཐོག་ལས་ འཛུལ་ཞུགས་འབད་ཡི་ཟེར་ཨིནམ་ད་ ཁོ་ར་དྲང་དཔོན་སྦེ་ཕྱག་ཞུ་ཡོདཔ་ལས་ ཁྲིམས་ལུགས་ལུ་ གུས་ཞབས་ཡོད་ནི་དེ་གིས་ ཁྲིམས་འགལ་ཐོག་ལས་ རྩ་ལས་མ་འཛུལ་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ འབྲུག་ཕུན་སུམ་ཚོགས་པ་གིས་ གཞུང་སྐྱོང་བའི་སྐབས་ལུ་ མི་ངོ་༥༦ གིས་ ཧེ་མ་ལས་ཡོད་པའི་ རྒྱ་འབྲུག་གི་མཐུན་ལམ་དམ་ཟབ་དེ་ མེདཔ་བཏང་ཡི་ཟེར་ཨིནམ་ད་ འཆར་གཞི་༡༡ པའི་ནང་ འཆར་དངུལ་དེམ་ཅིག་ གྲོགས་རམ་འབད་ནི་ཟེར་ སླབ་མ་བཏུབ་མི་དེ་ཡང་ རྒྱུ་མཚན་དེ་ལུ་བརྟེན་ཨིན་ཟེར་ཨིནམ་ད་ མི་སེར་དམངས་གཙོ་ཚོགས་པ་གིས་འབད་བ་ཅིན་ མཐུན་ལམ་དམ་ཟབ་བཟོ་ནི་ཟེར་ཨིན་པས།
དེ་མ་ཚད་ ཁོ་གིས་ སླབ་མིའི་ནང་ འབྲུག་ཕུན་སུམ་ཚོགས་པ་གིས་ གཞུང་སྐྱོང་པའི་སྐབས་ལུ་ སྲིད་བྱུས་ཀྱི་ངན་ལྷད་ཚུ་མཐོང་ཡི་ཟེར་ཨིནམ་མ་ཚད་ དམངས་གཙོའི་གཞུང་གི་ གཞི་འགྱམ་ཡང་མེདཔ་བཏང་ཡོདཔ་ལས་ མི་སེར་ཚུ་གིས་ གཞུང་སོར་དགོ་པ་ཅིན་ དུས་ཚོད་རན་ཡོདཔ་ལས་བརྟེན་ ཚོགས་རྒྱན་བཙུག་པར་འགྱོ་ཞིནམ་ལས་ སོར་གནང་དགོཔ་ཨིན་ཟེར་ཨིན་པས།
ཀརྨ་ལྷ་མོ་གིས་ཡང་ ཚོགས་པའི་ཁས་བླངས་ཚུ་ མདོར་བསྡུས་སུ་དང་ མོ་རའི་དོ་འགྲན་པ་གིས་ སླབ་མི་ལུ་དོགས་སེལ་བཀོད་ཡོདཔ་ད་ མོ་གིས་ སླབ་མིའི་ནང་ ད་རེས་ནངས་པ་ མི་སེར་ཚུ་ལུ་ འབྲུག་ཕུན་སུམ་ཚོགས་པ་གིས་ ལཱ་ངན་འབད་ཡི་ཟེར་ དཀྲོག་མི་ཚུ་ རྩ་ལས་མི་བདེན་ཟེར་ཨིནམ་ད་ མི་སེར་ཚུ་གིས་འབད་རུང་ ཚ་གྱང་ལང་ནི་མི་འོང་ཟེར་ཨིན་པས།
དེ་མ་ཚད་ རྒྱ་འབྲུག་གི་མཐུན་ལམ་དེ་ སྔར་ལས་ལྷག་སྟེ་ དམ་ཟབ་སོང་ཡི་ཟེར་ཨིནམ་ད་ གལ་སྲིད་ མཐུན་ལམ་དམ་ཟབ་མེད་པ་ཅིན་ འཆར་གཞི་༡༠ པའི་ལཱ་གི་གྲུབ་འབྲས་ཚུ་ བཏོན་མ་ཚུགསཔ་འོང་ཟེར་ཨིནམ་ད་ ད་རེས་ གྲུབ་འབྲས་སྦོམ་བཏོན་ཚུགས་མི་དེ་ཡང་ རྒྱ་འབྲུག་གི་མཐུན་ལམ་དམ་ཟབ་ཡོདཔ་ལས་བརྟེན་ ཨིན་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ རྒྱལ་པོའི་ཞིང་གི་ ས་ཆའི་སྐོར་ལས་ ངན་ལྷད་བཀོད་མི་དེ་ འབྲུག་ཕུན་སུམ་ཚོགས་པའི་ གཞུང་གི་སྐབས་ལུ་མེན་ཟེར་ཨིནམ་ད་ འཇིགས་མེད་བཟང་པོ་ཁོ་ར་ཡང་ ས་ཆ་ཐོབ་མི་ཅིག་ཨིན་ཟེར་ཨིནམ་ད་ འབྲུག་ཕུན་སུམ་ཚོགས་པ་གིས་ ལོ་ལྔ་གི་རིང་ཕྱག་ཞུ་བའི་སྐབས་ལུ་ དམ་ཚིག་དཔང་ལུ་བཙུགས་ཏེ་ ཕྱག་ཞུ་ཡི་ཟེར་ཨིན་པས།
དྲི་ལན་གྱི་སྐབས་ལུ་ འཇིགས་མེད་བཟང་པོ་གིས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་དེ་ ཕྱིའི་རྒྱལ་ཁབ་ལུ་ ཡོངས་གྲགས་འགྱོ་ཡོད་རུང་ མཐའ་ཟུར་གྱི་ས་གནས་ཁེངས་དང་ སྐྱེངས་མཁར་ལས་ཕར་ དགའ་སྐྱིད་དཔལ་འཛོམས་འདུག་ག་ཟེར་ སླབ་ཡོདཔ་ཨིན།
དེ་ལུ་ ཀརྨ་ལྷ་མོ་གིས་ སླབ་མིའི་ནང་ མཐའ་ཟུར་གྱི་ས་གནས་ཚུ་ནང་ཡང་ དགའ་སྐྱིད་དཔལ་འཛོམས་ཡོད་ཟེར་ཨིནམ་ད་ དེ་ཡང་ ཧེ་མ་ འཁོར་ལམ་དང་ གློག་མེ་ དེ་ལས་ གསོ་བ་དང་ སྨན་ཁང་ལ་སོགས་པ་ཚུ་ ལྷོད་དེ་ཡོདཔ་ལས་ མི་སེར་ཚུ་ དཀའ་སྡུག་མྱོང་པར་ དགའ་སྐྱིད་སྐྱོང་ནིའི་གོ་སྐབས་ཐོབ་སྟེ་ཡོད་ཟེར་ཨིན་པས།
ཀརྨ་ལྷ་མོ་གིས་ འཇིགས་མེད་བཟང་པོ་ལུ་ དྲི་བ་བཀོད་མིའི་ནང་ ཨ་རྟག་ར་ ཁོ་རའི་དོ་འགྲན་པ་གིས་ མོང་སྒར་ལས་ ཉམས་མྱོང་ཅན་ནང་ ལྕོགས་གྲུབ་ཅན་ལེ་ཤ་ཡོད་རུང་ ཁོང་གིས་ བཅའ་མར་གཏོགས་པར་ འཐོན་མི་བཏུབ་པས་ཟེར་ཨིནམ་ད་ ཁོ་ཡང་ སྤྱི་ལོ་༢༠༠༨ ལུ་མ་ཐོན་པར་ དུས་ཅི་ བཅའ་མར་གཏོགས་མི་དེ་ ག་ཅི་ཨིན་ན་ཟེར་ཨིན་པས།
འཇིགས་མེད་བཟང་པོ་གིས་ སླབ་མིའི་ནང་ མི་ཚུ་གིས་ གདོང་ཁར་མ་འཐོན་མི་དེ་ཡང་ གདམ་འཐུ་འབད་ནི་འཛོལ་དོ་ཡོདཔ་ལས་བརྟེན་ཨིན་ཟེར་ཨིནམ་ད་ ཁོ་གིས་ དོ་འགྲན་འབད་མི་དེ་ཡང་ རྒྱལ་ཁབ་དང་ མི་སེར་གྱི་མཐའ་དོན་ལུ་ལྟ་ཞིནམ་ལས་ ཐོན་ཡི་ཟེར་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment