གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོམ་སྒྲིག་པའི་སྣང་འཆར།

༢༩/༦/༢༠༡༣   འོས་ལྡན་གྱི་གྲོས་བསྡུར།
༉ རྒྱལ་ས་ལྟེ་བ་ལུ་ ཁ་ཙ་མཇུག་བསྡུ་མི་ དགེ་རབ་གྲྭ་ཚང་གི་ བླམ་གནས་བརྟན་ཚུ་གི་ ལོ་བསྟར་ཡོངས་ཁྱབ་ཞལ་འཛོམས་ནང་  བླ་སློབ་གོངམ་ལ་ལུ་ཅིག་གིས་ ད་རིས་ནངས་པ་ འུར་བྱེལ་སྦོམ་ལང་པའི་བསྒང་ཡོད་མི་ སྲིད་དོན་བསྐུལ་བསྒྲགས་ཚུ་ལུ་ བསམ་ཞིབ་ཞིབ་པར་འབག་བའི་ མངོན་གསལ་བྱུང་ཡི།


འབྲུག་ལུ་ ཆོས་སྡེའི་གཙུག་སྡེ་དང་ ཆོས་སྒོར་ཞུགས་མི་ཚུ་ སྲིད་དོན་ལས་འདས་པའི་ཡུལ་ལུ་ གནས་དགོཔ་བཞིན་དུ་ སྲིད་དོན་གྱི་ བྱ་རིམ་ཚུ་ལུ་ ལྟ་ཞིབ་འབད་མི་དེ་ ཐུགས་ལུ་ཚ་གྱང་ཡོད་ནི་དེ་གིས་ཨིནམ་ད་ སློབ་དཔོན་གོངམ་ཅིག་གིས་ སླབ་མིའི་ནང་ ད་རེས་ནངས་པའི་ སྲིད་དོན་ཚོགས་པ་ཚུ་གི་ བསྐུལ་བསྒྲགས་ཚུ་ལུ་ལྟཝ་ད་ ཕུགས་བརྟན་མི་འོང་ནི་བཟུམ་མའི་ མཐོང་སྣང་བྱུངམ་མས་ཟེར་ཨིན་མས།
དེ་ཡང་ སྲིད་དོན་བྱ་རིམ་ལུ་བརྟེན་ ང་བཅས་རའི་ མི་སྡེ་ཚུ་ དབྱེ་ཁག་ཕྱེ་འགྱོ་མི་ལུ་ གཞི་བཞག་སྟེ་ སླབ་མི་ལུ་ གནད་ཁུངས་སྦོམ་ཡོད་པའི་ གསལ་སྟོན་འབདཝ་མས།
ཚོགས་རྒྱན་སྐྱུར་མི་ལེ་ཤ་གིས་ར་ ད་རེས་ནངས་པ་ མི་མང་གིས་ བསྐུལ་བསྒྲགས་དང་ སྲིད་དོན་འབྲེལ་བའི་ གནད་དོན་ཚུ་གི་སྐོར་ལས་ ལོ་རྒྱུས་སླབ་ཐངས་ལུ་ལྟཝ་ད་ གོང་ལུ་ སློབ་དཔོན་གོངམ་གིས་ སླབ་མི་ལུ་ ཡིད་ཆེས་བསྐྱེད་ཚུགས་ནི་ཨིན་མས།
ད་རེས་ནངས་པ་ ཚ་གྱང་ཅན་གྱི་ གནས་སྟངས་ནང་ ལྷོད་ཡོད་མིའི་སྐོར་ ཁ་གསལ་སྦེ་ སླབ་དགོཔ་མེད་མི་དེ་ཡང་ འབྲུག་བཟུམ་མའི་ མི་སྡེ་ཆུང་ཀུའི་ནང་ ག་གིས་ ག་ཅི་འབདཝ་ཨིན་ན་དང་ ག་ཅི་འབད་ནི་གི་ འཆར་གཞི་བརྩམ་ཨིན་ན་ མི་མང་གིས་ འཇམ་ཏོང་ཏོ་སྦེ་ ཤེས་གསལ་བྱུངམ་ཨིན་མས།
འདི་འབདཝ་ད་ གྲྭ་ཚང་གིས་ བཙག་འཐུ་ལུ་བརྟེན་པའི་ ཆོས་ཕྱོགས་ཀྱི་ བྱ་སྒོ་ཚུ་ འགོ་འདྲེན་འཐབ་མ་ཆོག་མི་གིས་ མི་སེར་ཚུ་ལུ་ སྟབས་མ་བདེཝ་བྱུང་མིའི་སྐོར་ གྲོས་བསྡུར་གནང་མི་དེ་ འོས་འབབ་ཅན་ཅིག་སྦེ་ མཐོང་གསལ་བྱུང་མི་དེ་ཡང་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ ན་ཧིང་ སྤྱི་ཟླ་༡༠ པའི་ནང་ སྲིད་དོན་དང་འབྲེལ་བའི་ རྒྱུད་བསྐུལ་འབད་ནི་གི་ འོས་འབབ་ཡོད་པའི་ ཆོས་ཕྱོགས་ཀྱི་ལས་སྣ་ དཔེར་ན་ མི་མང་སྤུངས་འཛོམས་འབད་བའི་ ཚེས་བཅུ་དང་ ཟློག་ཐབས་རིམ་གྲོ་ལ་སོགས་པ་ འགོ་འདྲེན་འཐབ་མ་ཆོགཔ་སྦེ་ གསལ་བསྒྲགས་འབད་མི་ལུ་བརྟེན་ མི་སེར་ཚུ་ རང་སོའི་ལོ་ཆོག་གཏང་ནི་ལུ་ཡང་ གཡང་ཟ་སྡོད་ནུག།
བླ་སློབ་ཚུ་གིས་འབད་བ་ཅིན་ དུས་རྒྱུན་གྱི་ སྐུ་རིམ་དང་ གསོལ་མཆོད་ རིམ་གྲོ་ཚུ་ རྒྱལ་ཁབ་ནང་ རང་བཞིན་གྱི་ རྐྱེན་ངན་དང་ ནད་ཡམས་མུ་གེ་འཁྲུགས་རྩོད་ལ་སོགས་པ་ཚུ་ ཟློག་ཐབས་ལུ་ བཙག་འཐུའི་དུས་ཡུན་ཨིན་རུང་མེན་རུང་ གནང་ནི་དེ་ གལ་ཆེ་ཟེར་ཨིནམ་ད་  རྒྱལ་ཁབ་དང་ མི་སེར་ཚུ་ བདེ་སྐྱིད་ཀྱི་ངང་ལུ་ གནས་དགོ་པ་ཅིན་ ཆོས་སྡེའི་ཁ་ཐུག་ལས་ ཆོས་ཕྱོགས་མཛད་སྒོའི་རིགས་ཚུ་ ངེས་པར་དུ་ འགོ་འདྲེན་འཐབ་དགོ་ཟེར་ཨིན་མས།
གཞུང་དགེ་འདུན་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་གྱིས་ གསུངས་མི་དང་འཁྲིལཝ་ད་ སྲིད་དོན་ཚོགས་པ་ཅིག་དང་ ཡང་ཅིན་ འདེམས་ངོའི་ལམ་འགྲོ་ལེགས་ཤོམ་འབྱུང་ནིའི་དོན་ལུ་ཨིན་པ་ཅིན་ ཚོས་ཕྱོགས་མཛད་སྒོ་ཚུ་ འགོ་འདྲེན་འཐབ་མི་ཆོག་ནི་ཨིན་རུང་ དེ་མིན་པའི་ རིམ་གྲོ་དང་ ཆོ་གུ་ གསོལ་མཆོད་ཚུ་ འབད་བཅུག་དགོ་ཟེར་ཨིན་མས།
འདི་འབདཝ་ལས་ བླམ་གནས་བརྟན་ཚུ་གིས་ འབྲུག་གི་བཙག་འཐུ་ལྷན་ཚོགས་དང་གཅིག་ཁར་ གནད་དོན་དེ་གི་སྐོར་ལས་ གསུང་གྲོས་གནང་དགོཔ་སྦེ་ གྲོས་འཆར་བཀོད་ནུག།
འབྲུག་གི་རྩ་ཁྲིམས་ཆེན་མོ་དང་འཁྲིལ་བ་ཅིན་ ཆོས་འདི་ སྲིད་དོན་དང་ ཐ་དད་གནས་དགོཔ་མ་ཚད་ རྒྱལ་ཁབ་ཀྱི་ སྲོལ་རྒྱུན་གྱི་ ཆོས་ཡར་སྤེལ་མཛད་ནི་འདི་ ཆོས་སྡེའི་གཙུག་སྡེ་དང་ ཆོས་སྒོར་ཞུགས་མི་ཚུ་གི་ ཁག་འགན་ཨིན་རུང་ བཙག་འཐུའི་དུས་ཡུན་སྐབས མི་སེར་ཚུ་ལུ་ རང་བཞིན་རྐྱེན་ངན་དང་ ནད་ཡམས་མུ་གེ་ཚུ་གི་ དཀའ་ངལ་འབྱུང་པ་ཅིན་ བསྟན་སྤྱིའི་རིམ་གྲོ་དང་ སྐུ་རིམ་ཚུ་ ཆོས་སྡེ་གིས་བསྒྲུབ་དགོ།
སྤྱིར་བཏང་མི་མང་གིས་ དུས་ཅི་ སྔར་མ་ཐོན་པའི་ ཨར་མི་ཝརམ་ཟེར་མི་ ལོ་ཐོག་ཚུ་ལུ་ ནད་འབུབ་ཀྱིས་ གནོད་སྐྱོན་རྐྱབ་མི་དང་ མོང་སྒར་རྒྱལ་པོའི་ཞིང་ལུ་ དུང་དཀར་འབུབ་ཐོན་མི་ཚུ་ དུས་རྒྱུན་གྱི་ གསོལ་ཁ་དང་ རིམ་གྲོ་འབད་མ་ཚུགས་མི་ལུ་བརྟེན་ཨིནམ་སྦེ་ དོགས་འཆར་བཀོདཔ་ཨིན་མས།
འདི་བཟུམ་མའི་ དཀའ་ངལ་དང་ རྣམ་རྟོག་ དེ་ལས་ མནོ་ལུགས་ཡོད་མི་ཚུ་ལུ་ལྟཝ་ད་ ཆོས་སྡེ་གིས་ གསུང་གྲོས་གནང་མི་དེ་ འོས་ལྡན་ཅིག་ཨིན་མས་ཟེར་ ཞུ་ནི་ཨིན།

No comments:

Post a Comment