གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྲིད་ཚོགས་ཚུ་གིས་ ཏི་རུ་ལག་ལེན་འཐབ་དོ་ཡོད་པའི་ ལོ་རྒྱུས་འདྲ་མིན།

༢༤/༦/༢༠༡༣   ༉ དམངས་གཙོའི་རིང་ལུགས་དེ་ འབྲུག་ལུ་ འཛམ་གླིང་ནང་ གཞན་དང་མ་འདྲ་བའི་ དཔེ་སྟོན་རུང་བའི་ལམ་ལུགས་ཅིག་སྦེ་ ལག་ལེན་འཐབ་ནི་ལུ་ སྲིད་ཚོགས་༢ ཆ་ར་གིས་ གཙོ་བོར་བཏོན་ནི་སྦེ་སླབ་ཨིན་རུང་ དོན་ངོ་མ་ལུ་ འཛམ་གླིང་རྒྱལ་ཁབ་གཞན་ཚུ་དང་ ཅོག་ར་འཐདཔ་སྦེ་ འགྱོ་དོ་ཡོད་པའི་ ཚོར་སྣང་བྱུངམ་ཨིན་པས།


དེ་ཡང་ འཛམ་གླིང་རྒྱལ་ཁབ་ཚུ་ནང་ ལག་ལེན་འཐབ་སྲོལ་ཡོད་དོ་བཟུམ་སྦེ་ར་ འདེམས་ཁོངས་ལ་ལུ་ཅིག་ནང་ སྲིད་ཚོགས་དང་ཚོགས་པའི་འདེམས་ངོ་ཚུ་གིས་ རྒྱབ་སྐྱོར་པ་ལེ་ཤ་བཙུགས་ཐོག་ལས་ མ་དངུལ་ཚུ་ཡང་ འབོར་ཆེ་ཏོག་ཏོ་སྦེ་ ལག་ལེན་འཐབ་དོ་ཡོད་པའི་ ལོ་རྒྱུ་ཚུ་གོཝ་ཨིན་པས།
བཙག་འཐུའི་བཅའ་ཁྲིམས་དང་འཁྲིལ་བ་ཅིན་ རྒེད་འོག་དང་སྤྱི་འོག་ དེ་ལས་ རྫོང་ཁག་དང་འདེམས་ཁོངས་ཚུ་ནང་ རྒྱབ་སྐྱོར་པ་རེ་རེ་ལས་ བཙུགས་མ་ཆོགཔ་ཨིན་རུང་ ཚུལ་མིན་ཐོག་ལས་ ཏི་རུ་སྤྲོད་དེ་ ལེ་ཤ་བཙུགས་དོ་ཡོད་པའི་ ལོ་རྒྱུས་ཚུ་ཡང་ གོཝ་ཨིན་པས།
སྐྱེས་ལོ་༢༠ ལྷགཔ་ཅིག་འབད་མི་ ཨམ་སྲུ་ཅིག་གིས་ སླབ་མིའི་ནང་ མོ་ལུ་ཡང་ འདེམས་ངོ་ཅིག་གིས་ ཁོ་གི་རྒྱབ་སྐྱོར་པ་འབད་དགོཔ་སྦེ་སླབ་སྟེ་ དངུལ་ཀྲམ་༡༠༠༠ ལྷགཔ་ཅིག་བྱིན་ཡི་ཟེར་ཨིནམ་ད་ མ་དངུལ་དེ་ ལེན་ཞིནམ་ལས་ འདེམས་ངོ་དེ་གི་ རྒྱབ་སྐྱོར་པའི་གྲངས་སུ་ འཛུལ་ཡི་ཟེར་ཨིན་པས།
དེ་ཡང་ འདེམས་ངོ་ཚུ་གིས་ ཏི་རུ་ཚུ་ལག་ལེན་འཐབ་དོ་ཡོད་པའི་ ལོ་རྒྱུ་ཚུ་གོ་བའི་ཁར་ འདེམས་ངོ་ལ་ལུ་ཅིག་གིས་ ཁྱིམ་ནང་ལས་ཕར་ བསྐུལ་བསྒྲགས་དང་ གནད་དོན་གཞན་གི་དོན་ལུ་ལྷོད་པའི་སྐབས་ མཆོད་བཤམ་ནང་ཕྱག་འཚལ་ཞིནམ་ལས་ སྙན་དར་སྦེ་དངུལ་ཀྲམ་༥༠༠ དེ་རེ་ ཕུལ་བཞག་དོ་ཡོད་པའི་ ལོ་རྒྱུས་ཚུ་ཡང་ བཤདཔ་ཨིན་པས།
ཨིན་རུང་ དེ་བཟུམ་མའི་ ཏི་རུའི་ལག་ལེན་ཡོདཔ་སྦེ་ ས་གནས་ཚུ་ནང་གི་ ཚོགས་རྒྱན་བཙུགས་མི་ཚུ་གིས་ སྙན་ཞུ་ཁ་གསལ་སླབ་ནི་ཡོད་རུང་ དེ་ཚུ་ལོགས་སུ་སྦེ་ བཙག་འཐུ་ལྷན་ཚོགས་ནང་ སྙན་ཞུ་ལྷོད་ལྷོདཔ་ ག་ནི་ཡང་མིན་འདུག།
གཞན་ཡང་ སྲིད་ཚོགས་༢ ཆ་ར་ལུ་ རང་སོའི་རྒྱུ་སྟོབས་ཅན་གྱི་ རྒྱབ་སྐྱོར་པ་ཚུ་གིས་ བཙག་འཐུའི་ཁྲིམས་ལུགས་ནང་ ཞལ་འདེམས་མ་དངུལ་༥༠༠,༠༠༠ དེ་ཅིག་ལས་ བྱིན་མ་ཆོགཔ་ཨིན་རུང་ དེ་བ་ལྷགཔ་སྦེ་ མ་དངུལ་ཚུ་ འབོར་ཆེ་ཏོག་ཏོ་སྦེ་ར་ བྱིན་དོ་ཡོད་པའི་ལོ་རྒྱུས་ཚུ་ཡང་ བཤདཔ་ཨིན་རུང་ ངེས་བདེན་ག་དེ་སྦེ་ཨིན་ན་ ཤེས་རྟོགས་མེདཔ་ཨིན།
སྲིད་དོན་གྱི་གནས་སྟངས་ནང་ ཉམས་མྱོང་ཅན་ཅིག་གིས་ སླབ་མིའི་ནང་ ད་རེས་ཀྱི་ སྤྱིར་བཏང་བཙག་འཐུའི་ནང་ སྲིད་ཚོགས་༢ ཆ་ར་གིས་ འདེམས་ཁོངས་ག་ཏེ་ལུ་ གཙོ་བོར་བཏོན་དགོཔ་འདུག་ག་ དེ་ལུ་གཙོ་རིམ་བཞག་ཐོག་ལས་ འདེམས་ཁོངས་དེ་ནང་གི་ འདེམས་ངོ་ཚུ་ལུ་ མ་དངུལ་ཚུ་སྤྲོད་དོ་ཡོད་པའི་ ལོ་རྒྱུས་ཚུ་ཡང་ གོཝ་ཨིན་པས།
དཔེ་འབད་བ་ཅིན་ ཚོགས་པ་ཅིག་གིས་ རྒྱབ་སྐྱོར་བ་སྒྲིང་སྒྲིང་ཡོད་མི་ཚུ་ལུ་ དངུལ་ཀྲམ་༥༠,༠༠༠ རེ་བྱིན་ཐོག་ལས་ ཟླཝ་དག་པ་ཅིག་གི་ སྔ་གོང་ལས་ རྒྱབ་སྐྱོར་པ་སྦེ་ འཛུལ་ཡོདཔ་བཟོ་ཞིནམ་ལས་ དེ་གི་ཟླ་རིམ་དངུལ་ཕོགས་སྦེ་ རྩིས་རྐྱབ་སྟེ་ བྱིན་དོ་ཡོདཔ་སྦེ་ཨིནམ་ད་ ཟླ་རིམ་དངུལ་ཕོགས་ཡང་ དངུལ་ཀྲམ་༥༠༠༠ དང་༨༠༠༠ གི་བར་ན་ སྤྲོད་དོ་ཡོད་པའི་དོགས་པ་འབདཝ་ཨིན་པས།
ལྟ་རྟོག་པ་ཚུ་གིས་འབད་བ་ཅིན་ སྲིད་ཚོགས་༢ ཆ་ར་གིས་ སྤྱིར་བཏང་བཙག་འཐུའི་ནང་ རྒྱལ་ཁ་འཐོབ་ནི་ལུ་ གཙོ་བོར་བཏོན་དོ་ཡོད་པའི་ མཐོང་གསལ་བྱུངམ་མས་ཟེར་ ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment