གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མོང་སྒར་བཟུང་ལེན་གཡུས་ཚན་ནང་ འཛམ་གླིང་ས་ཆ་འཛིན་སྐྱོང་གི་ཉིནམ་བརྩི་སྲུང་།

༢༡/༦/༢༠༡༣    ༉  མོང་སྒར་འབྲས་སྤུངས་རྒེད་འོག་ བཟུང་ལེན་གཡུས་ཚན་ནང་ལས་ སྐྱེས་ལོ་༣༧ ལང་མི་ སངས་རྒྱས་འཕྲིན་ལས་ཀྱིས་ ན་གཞོན་སྦེ་སྡོད་པའི་སྐབས་ལུ་ བུ་གཞི་ལེ་ཤ་དགོ་པའི་ མནོ་བསམ་བཏང་ཡོད་རུང་ ད་རེས་འབདཝ་ད་ བུ་༣ ལས་བརྒལ་མེད་མི་དེ་ལུ་ རྒྱུ་མཚན་བཀོད་ནི་ཡོདཔ་ཨིན་པས།
བཟུང་ལེན་གཡུས་ཚན་ནང་ འཛམ་གླིང་ས་ཆ་འཛིན་སྐྱོང་གི་ཉིནམ་
བརྩི་སྲུང་འབད་བའི་བསྒང་།


དེ་ཡང་ ཁོ་གིས་ དགོད་བྲ་དང་གཅིག་ཁར་ སླབ་མིའི་ནང་ ཁོ་རའི་ ས་ཆ་ཨེ་ཀར་༥ པོ་དེ་ གྱེན་གཟར་དྲགས་སྦེ་ཡོད་མི་ལུ་བརྟེན་ ལོ་བསྟར་བཞིན་དུ་ ཆུ་རུད་ཀྱིས་ འཕྱགས་བདའ་ནི་ཡོདཔ་ལས་ གལ་སྲིད་ ས་ཞིང་ཆ་མཉམ་ར་ ཆུ་རུད་ཀྱིས་འཕྱག་བདའ་བ་ཅིན་ བུ་གཞི་ཚུ་ལུ་ ཕ་གཞི་སྤྲོད་མི་ཚུགས་ནི་མས་ཟེར་ཨིན་པས།
དེ་མ་ཚད་ ཟླཝ་༡ གི་ཧེ་མར་ གཡུས་ཚན་དེ་ནང་ ཆརཔ་ཤུགས་སྦེ་ རྐྱབ་མི་ལུ་བརྟེན་ ས་ཞིང་ཚུ་ ཆུ་རུད་ཀྱིས་འཕྱགས་བདའ་ཡོདཔ་ལས་ ཧེང་སྐལ་ར་ ཚ་གྱང་དང་ སྡུག་བསྔལ་ནང་ སྡོད་དགོཔ་ཐོན་ཡོདཔ་ད་ ཐ་ན་ བཞེས་སྒོ་ཡང་ བཟའ་མ་ཚུགས་པར་ དབུགས་འགམ་སྟེ་ སྡོད་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ སྐྱེས་ལོ་༤༧ ལང་མི་ སོ་ནམ་པ་ ཕུརཔ་རྡོ་རྗེ་ཡང་ འདས་པའི་ཟླཝ་དང་ ཆརཔ་ཤུགས་རྐྱབ་མི་ལུ་བརྟེན་ ཁོ་རའི་ཞིང་ཨེ་ཀར་༡ དེ་ཅིག་ཡོད་མི་ལས་ ཕྱེདཀ་དེ་ཅིག་ ཆུ་རུད་ཀྱིས་ འཕྱགས་བདའ་ཡོདཔ་ལས་ འབད་ཐབས་ག་ནི་ཡང་མ་འབྱུང་པར་ བདུན་ཕྲག་༡ དེ་ཅིག་གི་རིང་ སྡུག་བསྔལ་གྱི་ངང་ལུ་ སྔུ་སྡོད་ཅི་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ དེབཟུམ་གྱི་གནས་སྟངས་ཐོག་ལུ་ སྡོད་དགོཔ་བྱུང་མི་དེ་ཡང་ ས་ཞིང་ཚུ་ ཆུ་རུད་ཀྱིས་ འཕྱགས་བདའ་བའི་བསྒང་ལས་ ཁོ་རའི་ བུ་གཞི་༤ ལུ་ ཕ་ཞིང་ཅིག་སྤྲོད་མི་ཚུགས་ནི་མས་ཟེར་བའི་ སྡུག་བསྔལ་སྦོམ་ ལང་ཡི་ཟེར་ཨིན་པས།
ཨིན་རུང་ ད་རེས་ནངས་པ་ ཁོང་ སོ་ནམ་པ་༢ ཀྱི་ སྡུག་བསྔལ་དེ་ སངས་ནི་བཟུམ་ཡོདཔ་ད་ དེ་ཡང་ དུས་ཅི་ སྤྱི་ཟླ་༦ པའི་ཚེས་༡༧ ལུ་འཛམ་གླིང་ས་ཆ་འཛིན་སྐྱོང་གི་ཉིནམ་དེ་ མོང་སྒར་རྫོང་ཁག་ འབྲས་སྤུངས་རྒེད་འོག་ བཟུང་ལེན་གཡུས་ཚན་ནང་ འགོ་འདྲེན་འཐབ་ཡོདཔ་ལས་ ཁོང་༢ ཀྱི་ཞིང་ནང་ ད་ལས་ཕར་ ཆུ་རུད་དང་ ས་རུད་ཚུ་ མི་ཆད་ནིའི་དོན་ལུ་ རྩྭ་ཀུ་ར་དང་ ཤིང་གི་ལྕངམ་བཙུགས་མི་ལུ་བརྟེན་ཨིན་པས།
ཁོང་༢ ཀྱིས་ སླབ་མིའི་ནང་ ད་ལྟོ་ཚུན་ ས་ཞིང་གཟར་དྲགས་སྦེ་ ཡོད་མི་ལུ་བརྟེན་ ཆརཔ་རྐྱབ་པའི་སྐབས་ ལུད་དང་ ས་ཚུ་ ཆུ་གིས་ འཕྱགས་བདའ་མི་དེ་ལུ་ ད་ལས་ཕར་ ཕན་ཐོགས་ཚུགས་པའི་རེ་བ་ ཡོད་ཟེར་ཨིནམ་ད་ ཉིནམ་དེ་ཁར་ བཟུང་ལེན་སྤྱི་འོག་གི་མི་སེར་༦༨ ཀྱིས་ ས་ཞིང་ཨེ་ཀར་༣༥ དེ་ཅིག་ནང་ རྩྭ་ཚུ་བཙུགས་ཡོདཔ་མ་ཚད་ ཆུ་རྐ་འཛིན་སྐྱོང་འཐབ་ནིའི་དོན་ལུ་ ས་ཆ་ཧེག་ཊར་༤༥ དེ་ཅིག་ འཛིན་སྐྱོང་འཐབ་ནི་སྦེ་ བཟོ་ཡོདཔ་ཨིན་པས།
སོ་ནམ་པ་ སངས་རྒྱས་ཀྱིས་སླབ་མིའི་ནང་ ད་ལྟོ་ཚུན་ ལོ་ཐོག་ག་ཅི་བཏབ་རུང་ སའི་བཅུད་ཚུ་ ཆརཔ་གིས་འཕྱགས་བདའ་ནི་ཡོདཔ་ལས་ ཐོན་སྐྱེད་ལུ་གནོདཅི་ཟེར་ཨིནམ་ད་ ཨིན་རུང་ གཡུས་ཚན་དེ་ནང་ ཀེ་བ་ལེགས་དོ་ཡོདཔ་ལས་ ད་ལས་ཕར་ ས་ཞིང་དེ་ བཅུད་དང་ལྡནམ་སྦེ་ བཞག་ཚུགས་ནི་ཨིནམ་མ་ཚད་ དངུལ་གྱི་འོང་འབབ་ཡང་ སྦོམ་བཟོ་ཚུགས་ནི་མས་ཟེར་ཨིན་པས།
དེ་བཟུམ་སྦེ་ སོ་ནམ་པ་ ཟླ་བའི་ཞིང་ནང་ཡང་ རྩྭ་ཚུ་བཙུགས་ཡོདཔ་ལས་ ས་ཆ་དེ་ ཡུན་བརྟན་ཐོག་ལུ་ བཅུད་དང་ལྡནམ་སྦེ་ ལོ་ཐོག་ཚུ་ བཏབ་ཚུགས་པའི་རེ་བ་ བསྐྱེད་དོ་ཟེར་ཨིནམ་ད་ རྒེད་འོག་དེ་ནང་གི་ མི་སེར་ཚུ་གི་ ལོ་ཐོག་གཙོ་ཅན་ཅི་ གེ་ཟ་དང་ ཀེ་བ་ཚུ་ཨིནམ་ལས་ ད་ལས་ཕར་ རང་མགོ་རང་འདྲོངས་ བཟོ་ཚུགས་ནི་མས་ཟེར་ཨིན་པས།
མོང་སྒར་ ཝེང་མཁར་རང་བཞིན་སླར་འབྱུང་ཐོན་སྐྱེད་ལྟེ་བའི་ བརྡ་བརྒྱུད་འགོ་དཔོན་ མདོ་མང་གིས་ སླབ་མིའི་ནང་ དེ་བཟུམ་གྱི་ལས་རིམ་འགོ་འདྲེན་འཐབ་དགོ་མི་དེ་ཡང་ མི་སེར་ཚུ་ལུ་ ས་ཆ་ཁག་ཆེ་ཧིང་དང་ ཡུན་བརྟན་གྱི་དོན་ལུ་ འཛིན་སྐྱོང་འཐབ་ཐངས་ལུ་ དམིགས་ཏེ་ཨིན་ཟེར་ཨིན་པས།
དེ་མ་ཚད་ གྱད་པ་ཁར་ཡོད་མི་ ས་ཞིང་ནང་ རྩྭ་བཙུགས་པ་ཅིན་ ས་བཅུད་མ་ཉམས་པར་ བཞག་ཚུགས་ཟེར་ཨིནམ་ལས་ ལོ་ཐོག་ག་ཅི་ར་བཏབ་རུང་ ས་བཅུད་དང་ལྡནམ་སྦེ་ཡོད་པ་ཅིན་ ཐོན་སྐྱེད་ལེགས་ཤོམ་འོང་ནི་ཨིནམ་ལས་ མི་སེར་ཚུ་གིས་ ད་ལས་ཕར་ ཡུན་བརྟན་གྱི་དོན་ལུ་ ཁོང་ར་གིས་ འཛིན་སྐྱོང་འཐབ་ཚུགས་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
དེ་བཟུམ་གྱི་ ལས་རིམ་དེ་ཡང་ རྒེད་འོག་བདག་སྐྱོང་ལྟེ་བ་དང་ བཟུང་ལེན་ས་ཞིང་འཛིན་སྐྱོང་ཚོགས་པ་གིས་ མཉམ་རུབ་ཐོག་ལས་ ཝེང་མཁར་རང་བཞིན་སླར་འབྱུང་ཐོན་སྐྱེད་ལྟེ་བ་དང་ རྫོང་ཁག་སོ་ནམ་རྒྱ་བསྐྱེད་མཉམ་རུབ་ཐོག་ལས་ འཛམ་གླིང་དངུལ་ཁང་དང་ ཡུན་བརྟན་ས་གཞི་འཛིན་སྐྱོང་ལས་འགུལ་གྱི་ རྒྱབ་སྐྱོར་ཐོག་ལས་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
ས་གཞི་འཛིན་སྐྱོང་གི་ ལས་རིམ་སྐབས་ལུ་ ཝེང་མཁར་རང་བཞིན་སླར་འབྱུང་ཐོན་སྐྱེད་ལྟེ་བ་དང་ རྫོང་ཁག་དང་ རྒེད་འོག་གི་སོ་ནམ་རྒྱ་བསྐྱེད་ལས་རོགསཔ་ རྒེད་འོག་བདག་སྐྱོང་འགོ་དཔོན་ དེ་ལས་ འབྲས་སྤུངས་རྒེད་འོག་ བཟུང་ལེན་སྤྱི་འོག་གི་ མི་སེར་ཚུ་གིས་ བཅའ་མར་གཏོགས་ཡོད་པའི་གནས་ཚུལ།  

མོང་སྒར་ལས་ བདེ་ཆེན་ཚེ་རིང་། 

No comments:

Post a Comment