གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གྲུབ་ཐོབ་ལུ་ རྒྱབ་སྐྱོར་པ་མང་རུང་ ཐུབ་བསྟན་ཡང་ རྒྱལ་ཁ་འཐོབ་ནིའི་གོ་སྐབས་ཡོདཔ།

༢༧/༦/༢༠༡༣   ༉ ཁ་ཙ་ བཀྲིས་གཡང་རྩེ་ འབུམ་སྡེ་གླིང་-འཇམ་མཁར་འདེམས་ཁོངས་ཀྱི་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ གྲུབ་ཐོབ་ཀྱིས་ ཧེ་མ་ སྤྱི་ལོ་༡༩༨༥ ལུ་ ཁོ་ར་དཔེ་ཆ་ལྷབ་ས་ སྟོང་ཞང་ཀུན་བཟང་གླིང་འབྲིང་རིམ་སློབ་གྲྭ་འོག་མའི་ནང་ སོང་ཡོདཔ་ཨིན་པས།
དེ་བསྒང་ ཁོ་རའི་ཆ་རོགས་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ ཐུབ་བསྟན་ཚེ་རིང་ཡང་ ཁོ་དང་གཅིག་ཁར་སོང་ཡོདཔ་ད་ མཐུན་ཤོས་ཅིག་ཨིན་མི་ ལྟོ་ཚང་༢ ཆ་ར་ སྲིད་ཚོགས་ནང་ ཐེངས་༢ པ་ བཅའ་མར་གཏོགསཔ་ཨིན་པས།


སྤྱིར་བཏང་གྲོས་འཛོམས་ཀྱི་ཤུལ་ལས་ འདེམས་ངོ་ཚུ་གིས་ འཇམ་མཁར་གྱི་མི་སེར་ཚུ་དང་འབྲེལ་བ་འཐབ་པའི་བསྒང་།

དེ་གི་སྐབས་ སྲིད་དོན་གྱི་ ལོ་རྒྱུས་རྐྱངམ་གཅིག་མེན་པར་ ཁོང་༢ ཆ་ར་གིས་ བཞེས་སྒོ་འབད་ནི་ལུ་ སྤྲོ་བ་ཡོད་པའི་སྐོར་ལས་ཡང་ སླབ་ཡོདཔ་ཨིན་པས།
སློབ་ཕྲུག་ཅིག་སྦེ་ སྡོད་པའི་སྐབས་ལས་ར་ བཞེས་སྒོ་འབད་སྡོད་མི་ གྲུབ་ཐོབ་ཀྱིས་འབད་བ་ཅིན་ ཁོ་གིས་ཚར་ཅིག་ ཁྲོས་མ་ཚོགས་པའི་དོན་ལུ་ ཁས་བླངས་ཐོག་ལས་ བཞེས་སྒོ་འབད་ཡི་ཟེར་ གྲུབ་ཐོབ་ཀྱིས་ སླབ་ཡོདཔ་ད་ ཁོ་རའི་ཆ་རོགས་ ཐུབ་བསྟན་ཚེ་རིང་གིས་ཡང་ ཁོ་གིས་ དུས་ཡུན་མང་ཤོས་ཅིག་ ཁོ་རའི་བཟའ་ཚང་དང་གཅིག་ཁར་ བཞེས་སྒོ་འབད་དེ་ སྡོད་དོ་ཡོདཔ་སྦེ་སླབ་ནུག།
སྤྱི་ལོ་༢༠༠༨ ལུ་ མི་སེར་དམངས་གཙོ་ཚོགས་པའི་ འདེམས་ངོ་གཅིག་གིས་ ཁོ་རའི་ བཟའ་ཚང་གི་ དཀའ་ངལ་ལུ་བརྟེན་ དགོངས་ཞུ་འབད་བའི་ཤུལ་ལུ་ བཀྲིས་གཡང་རྩེ་ མཆོད་རྟེན་སྐོར་ར་ལས་ཨིན་མི་ ཐུབ་བསྟན་ཚེ་རིང་གིས་ འཛུལ་ཞུགས་འབད་ཡོདཔ་ད་ དེ་བསྒང་ཁོ་ར་ སློབ་གྲྭའི་སློབ་དཔོན་སྦེ་ སྡོད་ཡོདཔ་ཨིན་པས།
མ་གཞི་ འདས་པའི་བཙག་འཐུ་ནང་ ཕམ་སོཔ་ཨིན་རུང་ ཁོ་ར་ སྲིད་ཀྱི་ལཱ་འབད་ནི་ལུ་ སྤྲོ་བ་སྦོམ་ཡོད་མི་ཅིག་ འབད་ནི་དེ་གིས་ སྤྲོ་བ་འཕྲོ་མཐུད་དེ་ར་ བྱུངམ་མས་ཟེར་ ཐུབ་བསྟན་ཚེ་རིང་གིས་ སླབ་ཨིན་པས།
དེ་གི་ཤུལ་ལས་ ཁོ་གིས་ འབྲུག་ལྟ་བཤལ་ལས་སྡེའི་ནང་ ལཱ་འབད་ཡོདཔ་ཨིན་རུང་ དུས་ཅི་གི་བཙག་འཐུའི་ནང་ ལོག་དོ་འགྲན་འབད་ནིའི་དོན་ལུ་ དགོངས་ཞུ་འབད་ཡོདཔ་ཨིན་པས།
ཧེ་མ་དང་ཕྱདཔ་ད་ ཐུགས་རྟེན་ཚེ་རིང་ལུ་ རྒྱབ་སྐྱོར་འབད་མིའི་ གྱངས་ཁ་ཡར་སེང་ སོང་ཡོད་མི་གིས་ ཁོ་ལུ་ སེམས་ཤུགས་ཧེང་སྐལ་ཐོབ་ཡོདཔ་ད་ ཁོ་ར་ རྒྱལ་ཁ་ཐོབ་དང་མི་ཐོབ་དེ་ མི་སེར་ཚུ་དང་འཁྲིལ་ཏེ་ འགྱོ་འོང་ཟེར་ཨིན་པས།
ཨིན་རུང་ ད་རེས་ཁོ་ལུ་ རྒྱབ་སྐྱོར་འབད་མིའི་གྱངས་ཁ་ ཡར་སེང་སོང་ཡོདཔ་ལས་ ཁོ་གིས་ རྒྱལ་ཁབ་འཐོབ་འོང་ག་ཡང་ སླབ་མི་ཤེས་ཟེར་ཨིནམ་ད་ ཧེ་མ་དང་ཕྱདཔ་ད་ མི་སེར་ཚུ་འབད་རུང་ གྲོས་ཐག་ལེགས་ཤོམ་སྦེ་ བཅད་ཚུགསཔ་ ཐལ་སོ་ནུག་ཟེར་ཨིན་པས།
མི་སེར་ཚུ་གིས་ བསམ་འཆར་བཀོད་དོ་བཟུམ་འབད་བ་ཅིན་ མ་གཞི་ ཐུབ་བསྟན་ཚེ་རིང་ཁོ་ར་གི་ འདེམས་ཁོངས་ནང་ འབྲུག་ཕུན་སུམ་ཚོགས་པ་ར་ ཤུགས་ཆེ་དོ་ཡོདཔ་ཨིན་རུང་ ཁོ་གིས་ཡང་ རྒྱལ་ཁ་འཐོབ་ནིའི་ གོ་སྐབས་ཡོད་ཟེར་ཨིན་པས།
སྟོང་ཞང་ལས་ གནས་བརྟན་རྡོ་རྗེ་གིས་ སླབ་མིའི་ནང་ ཁོ་གི་འདེམས་ཁོངས་ནང་ མ་གཞི་ འབྲུག་ཕུན་སུམ་ཚོགས་པ་ ཤུགས་ཆེཝ་སྦེ་ ཡོདཔ་ཨིན་རུང་ གསང་བའི་ཚོགས་རྒྱན་བཙུགས་པའི་སྐབས་ ག་དེ་སྦེ་འབད་འོང་ག་ སླབ་མི་ཤེས་ཟེར་ཨིན་པས།
དེ་མ་ཚད་ འདེམས་ངོ་གཉིས་ཆ་ར་ ལྕོགས་གྲུབ་ཅན་ འདྲན་འདྲ་ར་འདུག་ཟེར་ ཁོ་གིས་སླབ་ཅི།
གནས་བརྟན་རྡོ་རྗེ་གིས་ སླབ་མི་ལུ་ གྲུབ་ཐོབ་ཀྱིས་ཡང་ ཁ་འཆམ་ཐོག་ལས་ སྲིད་དོན་ནང་ལྷོདཔ་ད་ ཚོགས་རྒྱན་གྱི་ཉིནམ་མ་རན་ཚུན་ རྒྱལ་ཕམ་གྱི་གོ་སྐབས་ཚུ་ བརྒྱ་ཆ་༥༠ རེ་སྦེ་ སྡོདཔ་ཨིན་ཟེར་ཨིན་པས།
འགོ་ཐོག་བཙག་འཐུའི་སྐབས་ གྲུབ་ཐོབ་ཀྱིས་ ཚོགས་རྒྱན་ཡོངས་བསྡོམས་༣,༨༤༥ ལས་༢,༠༨༧ ཐོབ་ཡོདཔ་ད་ ཐུབ་བསྟན་ཚེ་རིང་གིས་༡,༢༠༠ ལས་ མ་ཐོབ་ཨིན་པས།
གྲུབ་ཐོབ་ཁོ་ར་ སྟོང་ཞང་ལས་ཨིནམ་ད་ སྟོང་ཞང་ལུ་ ཚོགས་རྒྱན་བཙུགས་ནི་ལུ་ འོས་འབབ་ལྡན་མི་༢,༢༩༤ ཡོདཔ་ཨིན་པས།
སྲིད་ཚོགས་ནང་ མ་འཛུལ་བའི་ཧེ་མ་ གྲུབ་ཐོབ་ཀྱིས་ འབྲུག་གོང་འཕེལ་དངུལ་ཁང་དང་ ཡོ་རོ་པི་ཡཱན་ཅིག་སྒྲིལ་ལས་འགུལ་ནང་ ལཱ་འབད་ཡོདཔ་ཨིན་པས།
ཁོ་གིས་ འདས་པའི་གནས་ཡུན་གྱི་སྐབས་ ཕྱག་ལེགས་ཤོམ་སྦེ་ཞུ་མི་དང་འཁྲིལ་ མི་སེར་ཚུ་ སེམས་དགའ་སྟེ་ཡོདཔ་ད་ ད་རུང་ཚར་ཅིག་ གོ་སྐབས་ཐོབ་དགོ་པའི་ འོས་འབབ་ཡོདཔ་སྦེ་ མནོ་དོ་ཡོདཔ་ཨིན་པས།
སྟོང་ཞང་ལས་ བཀྲིས་རྡོ་རྗེ་གིས་ སླབ་མིའི་ནང་ གྲུབ་ཐོབ་ཀྱིས་ འདས་པའི་གནས་ཡུན་ནང་ ཕྱག་ལེགས་ཤོམ་སྦེ་ ཞུ་ཡོད་མི་ལུ་བརྟེན་ སྟོང་ཞང་གི་མི་སེར་ མང་ཤོས་ཅིག་གིས་ར་ ཚོགས་རྒྱན་ཚུ་ ཁོ་ལུ་ར་ བཙུགས་ནི་ཨིན་ཟེར་ཨིན་པས།
དེ་མ་ཚད་ འབྲུག་ཕུན་སུམ་ཚོགས་པ་ལུ་ མ་འོངས་སྔོན་ཤེས་ཅན་དང་ ཡུན་བརྟན་འབད་བའི་ དམིགས་དོན་དང་ འཆར་གཞི་ཚུ་འདུག་ཟེར་ བཀྲིས་རྡོ་རྗེ་གིས་བཤདཔ་ཨིན་པས།
དེ་བཟུམ་སྦེ་ མི་སེར་དམངས་གཙོ་ཚོགས་པ་གིས་ རྒེད་འོག་ཚུ་ནང་ ཞིང་རྨོ་འཕྲུལ་པ་ཝར་ཊེ་ལར་དང་ མར་ཁུ་བཀྲམ་སྤེལ་ཁང་ དེ་ལས་ དངུལ་ཁང་ཚུ་ གཞི་བཙུགས་འབད་ནིའི་ ཁས་བླངས་འབད་མི་ཚུ་ལུ་ གཡུས་མི་ཚུ་གིས་ སེམས་དགའ་སྟེ་ ཡོདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment