གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཤ་ནང་འདྲེན་འབད་མ་ཚུགས་པའི་དཀའ་ངལ་ ཡུན་འགྱངས་ལུས་ནི།

༉ ད་རེས་ནངས་པ་ རྒྱལ་ཁབ་ཀྱི་ ས་མཚམས་ས་གནས་ཚུ་ནང་ ཤའི་གོང་ཚད་ བདེ་བསྒྲིགས་འབད་མ་ཚུགས་མི་ལུ་བརྟེན་ འབྲུག་པའི་ཤ་ཚོང་པ་ཚུ་གིས་ ཤ་ནང་འདྲེན་འབད་མ་ཚུགས་པར་ཡོད་མི་དེ་ གཞུང་གསརཔ་ གཞི་བཙུགས་མ་འབད་ཚུན་ ཡུན་འགྱངས་ལུས་ནི་ཨིན་པས།

ཐིམ་ཕུའི་ཤ་ཚོང་པ་ཚུ་གིས་ ཁ་ཙ་ སྒོ་ནོར་འགོ་དཔོན་དང་ ཕྱདཔ་ཡོདཔ་བཞིན་དུ་ ཤ་ཚོང་པ་ཚུ་གིས་ ཤ་ཚུ་ ག་ཅི་ལུ་བརྟེན་ཏེ་ ནང་འདྲེན་འབད་མ་ཚུགསཔ་ཨིན་ནའི་སྐོར་ལས་ ཞུ་ཚིག་བཙུགས་དགོཔ་སྦེ་ ཁོ་གིས་ སླབ་ཡོདཔ་ད་ ཐིམ་ཕུ་སྒོ་ནོར་འགོ་དཔོན་ རྡོ་རྗེ་འབྲུག་པ་གིས་འབད་བ་ཅིན་ ཁོ་གིས་ གནད་དོན་དེ་ ཤའི་ཚོགས་པ་ལུ་ བཙུགས་ནི་ཨིན་ཟེར་ཨིནམ་ད་ ཚོགས་པའི་ནང་ སྒོ་ནོར་དང་ ཁྲོམ་སྡེ་ ཁྲིམས་སྲུང་འགག་སྡེ་ འབྲུག་སོ་ནམ་དང་ བཟའ་སྤྱོད་ཁྲིམས་དོན་དབང་འཛིན་ དེ་ལས་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེའི་ འགོ་དཔོན་ཚུ་ཡོདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ སྤྱིར་བཏང་བཙག་འཐུ་ མཇུག་བསྡུ་བའི་ཤུལ་ལུ་ ཤ་ཚོང་པ་ཚུ་གི་ངོ་ཚབ་༣ དང་ ཤའི་ཚོགས་པ་ཚུ་གི་བར་ན་ གྲོས་འཛོམས་ཅིག་ འཚོགས་ནི་ཨིན་ཟེར་ཨིནམ་ད་ ཤའི་གོང་ཚད་ཡར་སེང་མཇུག་ཆ་ ན་ཧིང་སྤྱི་ཟླ་༩ པའི་ནང་ འབད་ཡི་ཟེར་ཨིན་པས།

རྡོ་རྗེ་འབྲུག་པ་གིས་ སླབ་མིའི་ནང་ གཞན་ཡང་ དུས་བཟང་ཚུ་གི་སྐབས་ ཤ་བཀག་བསྡམས་འབད་མི་ལུ་བརྟེན་ དཀའ་ངལ་བྱུང་དོ་ཡོད་པའི་ གནད་དོན་ཚུ་ཡང་ཡོདཔ་མ་ཚད་ དེ་གི་སྐོར་ལས་ ལེགས་ཤོམ་སྦེ་ གྲོས་བསྡུར་འབད་དགོཔ་ ཡོད་ཟེར་ཨིན་པས།


མ་གཞི་ ད་རེས་ཁམས་ སྤྱི་ཟླ་༦ པའི་ཚེས་༩ ཚུན་ ཤ་བཀག་བསྡམ་འབད་དེ་ ལོག་ནང་འདྲེན་འབད་ནི་ འགོ་བཙུགས་ཡོདཔ་ཨིན་རུང་ འབྲུག་པའི་ཤ་ཚོང་པ་ཚུ་གིས་ ས་མཚམས་ས་གནས་ནང་ ཤའི་བཀྲམ་སྤེལ་འབད་མི་ ཉུང་སུ་ཅིག་ལས་བརྒལ་མེད་པའི་ཁར་ གོང་ཚད་ཡར་སེང་སོང་མི་ལུ་བརྟེན་ ནང་འདྲེན་འབད་མ་ཚུགསཔ་ཨིན་པས།


ཤ་ཚོང་པའི་ངོ་ཚབ་ཚུ་གི་གྲས་ལས་ ཅིག་ཨིན་མི་ བཱག་ཏ་བྷ་དུར་གྱིས་སླབ་མིའི་ནང་ ས་མཚམས་ས་གནས་ནང་ ནོར་ཤའི་གོང་ཚད་ཚུ་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༣༠ ལས་༡༦༠ ལུ་ ཡར་སེང་སོང་ཡོདཔ་ད་ ཕག་ཤ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༥༠ ལས་༡༧༠ ལུ་ ཡར་སེང་སོང་ནུག་ཟེར་ཨིན་པས།


ཁོ་གིས་བཤད་མིའི་ནང་ ད་ལྟོ་ཚུན་ལུ་ ས་གནས་ཀྱི་ ཤའི་དགོས་མཁོ་ཚུ་ རྩི་རང་དང་ དར་དཀར་ནང་ དེ་ལས་ བསམ་རྩེ་རྫོང་ཁག་ཚུ་ནང་ལས་ཐོན་མི་ ནང་འཁོད་ཀྱི་ཤ་ཚུ་བཙོང་ཐོག་ལས་ མཁོ་འདོད་སྒྲུབ་དོ་ཡོདཔ་ཨིན་རུང་ ནང་འདྲེན་འབད་མི་ཤ་ཚུ་བཟུམ་སྦེ་ ཁེ་སང་མིན་འདུག་ཟེར་ཨིན་པས།


ཁོ་གིས་ ད་རེས་ཁམས་ རྩི་རང་ལས་ དངུལ་ཀྲམ་༤༠,༠༠༠ དང་༥༠,༠༠༠ རེ་སྤྲོད་དེ་ ནོར་༢ ཉོ་སྟེ་ གསད་པའི་ཤུལ་ལུ་ ཐིམ་ཕུ་ལུ་ བསྐྱེལ་འདྲེན་འབདཝ་ད་ ཤ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༦ རེ་གནས་ཡོདཔ་ད་ ཐིམ་ཕུ་ལུ་ ཤ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༧༠ དང་༡༨༠ རེ་སྦེ་ བཙོང་ཡི་ཟེར་ཨིན་པས།


ང་བཅས་ཀྱིས་ ཤའི་ཚོགས་པ་ལུ་ ཡིག་ཐོག་ཞུ་ཡིག་དེ་ ད་རེས་ཀྱི་བདུན་ཕྲག་ནང་ར་ བཙུགས་ནི་དང་ གལ་སྲིད་ ནང་འཁོད་ཀྱི་ ཤའི་གོང་ཚད་ཚུ་ ཡར་སེང་འབད་དེ་ བཙོང་མ་ཚུགས་པ་ཅིན་ ཚོང་ཁང་སྒོ་བསྡམ་དགོཔ་ འཐོན་འོང་ཟེར་ བཱག་ཏ་བྷ་དུར་གྱིས་ སླབ་ཨིན་པས།


ཤ་ཚོང་པ་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ རྒྱལ་ཁབ་ནང་འཁོད་ལུ་ སྲོག་གཅོད་ཀྱི་དོན་ལུ་ ནོར་སེམས་ཅན་འཐོབ་ནི་ལུ་ ལཱ་ཁག་ཡོདཔ་མ་ཚད་ དེ་གི་ཤུལ་ལས་ ཐིམ་ཕུ་ ཤ་ཚོང་ཁང་ཚུ་ནང་བསྐྱལ་ནི་ལུ་ ལཱ་འབད་དགོཔ་ཡོདཔ་ལས་ ཟད་འགྲོ་སྦོམ་ གནསཔ་མས་ཟེར་ཨིན་པས།


ཁོ་གིས་འབད་བ་ཅིན་ ཉིན་བསྟར་བཞིན་དུ་ ཤ་ཀེ་ཇི་༡,༠༠༠ རེ་ ནང་འདྲེན་འབད་དོ་ཡོདཔ་ཨིན་རུང་ ད་རེས་ ནང་འདྲེན་འབད་སའི་ ས་མཚམས་ས་ཁོངས་ནང་ ཤའི་གོང་ཚད་ ཡར་སེང་སོང་རུང་ ནང་འཁོད་ཀྱི་གོང་ཚད་ཚུ་ ཧེ་མ་བཟུམ་སྦེ་ར་ གནས་མི་ལུ་བརྟེན་ ནང་འདྲེན་རྩ་ལས་ར་ འབད་མ་ཚུགས་པར་ ལུས་ཏེ་ཡོད་ཟེར་ཨིན་པས།


ཤ་ཚོང་པ་ ལ་ལུ་ཅིག་གིས་འབད་བ་ཅིན་ དེ་བཟུམ་མའི་དཀའ་ངལ་དེ་ ཨ་རྟག་ར་ རང་ཟླ་༤ པ་ས་སྒ་ཟླ་བའི་དུས་ཆེན་གྱི་སྐབས་ ཟླཝ་༡ ཤ་ནང་འདྲེན་འབད་ནི་མེདཔ་སྦེ་ བཀག་དམ་འབད་བའི་ཤུལ་ལུ་ བྱུང་དོ་ཡོདཔ་ད་ རྒྱ་གར་གྱི་ ཤ་བཀྲམ་སྤེལ་བ་ཚུ་གིས་ སེམས་ཅན་མ་འཐོབ་པའི་ ཁུངས་བཀལ་ཐོག་ལས་ གོང་ཚད་ཡར་སེང་ འབདཝ་མས་ཟེར་ཨིན་པས།


རྒྱལ་ཁབ་ནང་ ད་ལྟོའི་ཤའི་གོང་ཚད་ཚུ་ ཤ་ཕྱེད་རུ་ཕྱེད་འབད་མི་ ནོར་ཤ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༥༠ རེ་དང་ རུ་ཏོག་མེད་མི་ཤ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༩༠ དེ་ལས་ ཕག་ཤ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༥༠ རེ་སྦེ་ བཙོང་དོ་ཡོདཔ་ཨིན་པའི་གནས་ཚུལ།


ཉི་མ་དབང་འདུས།

No comments:

Post a Comment