གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གླང་༢ ཀྱིས་ཁ་རུབ་རྐྱབ་སྟེ་ གླང་༡ ལུ་འཐབ་པའི་ཚ་གྱང་།

༢༠/༦/༢༠༡༣   ༉ གཞུང་སྐྱོང་ག་གིས་འཐོབ་སྟེ་འབད་རུང་ དང་པ་ར་ རྐང་ཁྲི་དགོ་ནི་མས་ཟེར་བའི་ འུར་བྱེལ་འཐབ་མི་ལུ་བལྟ་བ་ཅིན་ ལྷུན་རྩེ་རྫོང་ཁག་དེ་ མཐའ་ཟུར་གྱི་ རྫོང་ཁག་ཅིག་ཨིན་པའི་སྣང་བ་ རང་བཞིན་གྱིས་ཤརཝ་ཨིན་པས།
སྨན་སྦིས་བཙན་མཁར་འདེམས་ཁོངས་ཀྱི་འདེམས་ངོ་ ཚེ་རིང་བསྟན་འཛིན་དང་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ ཡེ་ཤེས་རྡོ་རྗེ་གིས་ མི་མང་རྩོད་འགྲན་འབད་བའི་བསྒང་།


མི་སེར་ཚུ་ལས་ དེ་བཟུམ་མའི་ ལོ་རྒྱུས་གོ་མི་དེ་ཡང་ ད་རེས་ནངས་པ་ སྤྱི་ཚོགས་༢ པའི་ བཙག་འཐུ་རན་དོ་ཡོདཔ་ལས་ འདེམས་ངོ་ཚུ་གི་དོན་ལུ་ མི་མང་རྩོད་འགྲན་ལས་རིམ་ཚུ་ འགོ་འདྲེན་འཐབ་མི་ལུ་བརྟེན་ཨིན་པས།
དེ་ཡང་ སྨན་སྦིས་བཙན་མཁར་འདེམས་ཁོངས་ཀྱི་དོན་ལུ་ མི་མང་རྩོད་འགྲན་ལས་རིམ་ སྤྱི་ཟླ་༦ པའི་ཚེས་༡༨ ལུ་ འགོ་འདྲེན་འཐབ་པའི་སྐབས་ལུ་ རྫོང་ཁག་བདག་སྐྱོང་གི་ སྤྱི་དོན་ཁང་ནང་ འགོ་དཔོན་དག་པ་ཅིག་མ་གཏོགས་ མི་སེར་ཆ་མཉམ་ར་ རྐང་ཁྲི་གུ་མ་སྡོད་པར་ ས་ཁར་སྡོད་དགོཔ་ཐོན་མི་ལུ་བརྟེན་ རྐངམ་ན་བའི་ཟུག་ སངས་ནིའི་དོན་ལུ་ རྩོད་འགྲན་ཉན་པར་ འོང་མི་ཚུ་གིས་ སླབ་སར་གོཝ་ཨིན་པས།
ཨིན་རུང་ སྨན་སྦིས་བཙན་མཁར་འདེམས་ཁོངས་ཀྱི་འདེམས་ངོ་ སྐྱེས་ལོ་༥༡ ལང་མི་ ཚེ་རིང་བསྟན་འཛིན་དང་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ ཡེ་ཤེས་རྡོ་རྗེ་གིས་ མི་མང་རྩོད་འགྲན་སྐབས་ལུ་ དོ་འགྲན་པ་༢ ཀྱི་ ཁ་ཤུགས་དང་ བློ་སྤོབས་ཡང་ ཆ་འདྲ་སུ་སྦེ་ཡོདཔ་མ་ཚད་ ལྕོགས་གྲུབ་ཡང་ འདྲ་མཉམ་མཐོང་ཡོདཔ་ལས་ དེ་བཟུམ་གྱི་ གནས་སྟངས་དེ་ ལེགས་ཤོམ་འོང་ཚུགས་པའི་ ཡིད་ཆེས་འདྲོངས་ཡོདཔ་ཨིན་པས།
ཨའུ་ཚོ་ལས་ ཚོང་པ་ཅིག་གིས་ སླབ་མིའི་ནང་ འདེམས་ངོ་༢ ཆ་ར་ སྤྱི་ལོ་༢༠༠༨ ལས་ མི་མང་ལུ་ གདམ་ཁ་ཅན་གྱི་ འདེམས་ངོ་སྦེ་ ཐོན་ཡོདཔ་ལས་ མི་ཚུ་གིས་འབད་རུང་ ངོ་འཛོལ་དགོཔ་མེད་པའི་ཁར་ ལྕོགས་གྲུབ་ཡང་ འདྲ་མཉམ་མཐོང་ཡོདཔ་ལས་ ཚོགས་རྒྱན་དེ་ ག་ལུ་བཙུག་ནི་ཨིན་ན་ ནང་ན་ལས་ གྲ་སྒྲིག་ཡོད་ཟེར་ཨིན་པས།
ཁྱད་ཚད་ལྡན་པའི་ཚོགས་རྒྱན་བཙུག་ཆོག་མི་ ལ་ལུ་ཅིག་གིས་ ཀུན་གསལ་ལུ་སླབ་མིའི་ནང་ དུས་ཅི་ལས་ འདེམས་ངོ་སོར་དགོཔ་ཡོད་ཟེར་ཨིནམ་ད་ དེ་ཡང་ འདེམས་ངོ་གསརཔ་དེ་ལུ་ཡང་ ལཱ་གི་ཉམས་མྱོང་ཡོདཔ་ལས་ ལྕོགས་གྲུབ་ཡོད་པའི་ མི་ངོ་ཅིག་འབད་མི་ལུ་བརྟེན་ དོན་དག་སྦོམ་མེད་རུང་ གསརཔ་ལུ་ཚོགས་རྒྱན་བཙུགས་ནི་ཟེར་ཨིན་པས།
དེ་མ་ཚད་ སྨན་སྦིས་བཙན་མཁར་འདེམས་ཁོངས་ཀྱི་ མི་སེར་ལ་ལུ་ཅིག་གིས་ གོ་དོ་བཟུམ་འབད་བ་ཅིན་ མི་སེར་དམངས་གཙོ་ཚོགས་པའི་གདེམས་ངོ་དེ་ སོ་ནམ་བློན་པོ་འཐོབ་ནི་མས་ཟེར་ གོ་ཡོདཔ་ལས་ མཐའ་ཟུར་གྱི་རྫོང་ཁག་ལས་ བློན་པོ་ཅིག་དགོཔ་ངེས་བདེན་མཐོང་ཡོདཔ་ལས་ ཚོགས་རྒྱན་དེ་ ཁོ་ལུ་བྱིན་ནི་ཟེར་ཨིན་པས།
ཨིན་རུང་ མི་སེར་ལ་ལུ་ཅིག་གིས་འབད་བ་ཅིན་ འབྲུག་ཕུན་སུམ་ཚོགས་པ་དེ་ དམ་ཚིག་དཔང་ལུ་བཙུག་སྟེ་ ཕྱག་ཞུ་མི་སྲིད་ཚོགས་ལེགས་ཤོམ་ཅིག་ཨིན་མི་ལུ་བརྟེན་ ད་རུང་ ལོ་༥ གི་དོན་ལུ་ གཞུང་སྐྱོང་དེ་ འབྲུག་ཕུན་སུམ་ཚོགས་པ་ལུ་ར་ བྱིན་དགོཔ་ཡོདཔ་ལས་ ཚོགས་རྒྱན་དེ་ ཚོགས་པ་དེ་ལུ་མ་གཏོགས་ གཞན་ལུ་བཙུགས་ས་མེད་ཟེར་ཨིན་པས།
མི་སེར་ཚུ་གིས་ སླབ་མི་དང་འཁྲིལ་བ་ཅིན་ ཚོགས་པའི་རྒྱབ་སྐྱོར་པ་མང་སུ་དེ་ འབྲུག་ཕུན་སུམ་ཚོགས་པ་ལུ་ཡོདཔ་ལས་ འབྲུག་ཕུན་སུམ་ཚོགས་པ་གིས་ འཐོབ་ནི་བཟུམ་ཡོད་རུང་ ཉེན་ཁ་སྦོམ་མཐོང་མི་དེ་ཡང་ ཕྱི་ཁ་ལས་ སྲིད་ཚོགས་གཅིག་ཁར་ ཁ་བསྡོམས་མ་ཆོགཔ་ཨིན་རུང་ མནོ་བསམ་དེ་ འབྲུག་སྤྱིར་དབང་ཚོགས་པའི་རྒྱབ་སྐྱོར་པ་དང་ འབྲུག་མཉམ་རུབ་ཚོགས་པའི་ རྒྱབ་སྐྱོར་པ་ཚུ་གིས་ མི་སེར་དམངས་གཙོ་ཚོགས་པ་ལུ་ ཚོགས་རྒྱན་བཙུགས་ནི་བཟུམ་ཡོདཔ་ལས་ རྒྱལ་ཕམ་ཕྱེ་ནི་ལུ་ དོ་འགྲན་སྦོམ་འབྱུང་ནི་མས་ཟེར་ སྟག་མོ་ཆུ་ལས་ ཨ་ལུ་༢ ཀྱི་ཨའི་ཅིག་གིས་ སླབ་ཨིན་པས།
སྤྱི་ལོ་༢༠༠༨ ལུ་ཡང་ སྨན་སྦིས་བཙན་མཁར་འདེམས་ཁོངས་ཀྱི་དོན་ལུ་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ ཡེ་ཤེས་རྡོ་རྗེ་དང་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཚེ་རིང་བསྟན་འཛིན་༢ ཀྱི་བར་ན་ དོ་འགྲན་འབད་བའི་སྐབས་ལུ་ ཡེ་ཤེས་རྡོ་རྗེ་གིས་འཐོབ་ནིའི་རེ་བ་བསྐྱེད་ཡོད་རུང་ མཐའན་མཇུག་ཁར་ ཚེ་རིང་བསྟན་འཛིན་གྱིས་ ཐོབ་ཡོདཔ་ཨིན་པས།
ཕག་གིས་བརྡུང་གཡུས་ཚན་ལས་ ཚེ་རིང་བསྟན་འཛིན་གྱིས་ སྤྱི་ལོ་༢༠༠༨ ལུ་ ཚོགས་རྒྱན་༢༨༩༥ དང་ ཡེ་ཤེས་རྡོ་རྗེ་གིས་ ཚོགས་རྒྱན་༡༠༦༡ ཐོབ་ཡོདཔ་ད་ མ་གཞི་ ཁོང་༢ ལུ་ ལྕོགས་གྲུབ་འདྲ་མཉམ་ཡོད་རུང་ ཚེ་རིང་བསྟན་འཛིན་ལུ་བཙུགས་མི་དེ་ ཁས་བླངས་གསལ་བསྒྲགས་ལུ་ལྟ་སྟེ་ བཙུགས་ནུག་ཟེར་ཨིནམ་ད་ ཨིན་རུང་ དུས་ཅི་ གསརཔ་གིས་འཐོབ་ནིའི་ རེ་བ་བསྐྱེད་དོ་ཟེར་ སོ་ནམ་པ་ཅིག་གིས་ སླབ་ཨིན་པས།
འདེམས་ངོ་༢ ཀྱིས་འབད་རུང་ མི་མང་ལས་ ཚོགས་རྒྱན་འཐོབ་ནིའི་དོན་ལུ་ ཚོགས་པའི་ཁས་བླངས་གསལ་བསྒྲགས་དང་ ལྟ་བ་ དེ་ལས་ ཁོང་རའི་ལྕོགས་གྲུབ་ཚུ་གི་སྐོར་ལས་ ག་དེ་དྲག་དྲག་ མི་སེར་ཚུ་ལུ་ སླབ་སར་མཐོང་ཡོདཔ་ད་ སོ་ནམ་ཞིང་ལམ་དང་ རྒེད་འོག་གི་ལམ་ སྒོར་གཱན་ཤིང་མཁར་ལམ་ ས་གནས་གཞུང་དང་ ཞི་གཡོགཔ་ཚུ་ ཡར་དྲག་གཏང་ཐབས་ལུ་ མཐུན་རྐྱེན་ཚུ་ ཡར་སེང་འབད་ནི་ཟེར་མི་ཚུ་ འདེམས་ངོ་༢ ཆ་རའི་ ཁས་བླངས་ཨིན་པས།
རང་མགོ་རང་འདྲོངས་བཟོ་ཐབས་ལུ་ གློག་མེ་ལས་འགུལ་ལུ་བརྩོན་ནི་དང་ དབུལ་ཕོངས་རྩ་མེད་གཏང་ནི་ འདེམས་ཁོངས་སྣང་བྱིན་མ་དངུལ་བཞག་སྟེ་ འཆར་གཞི་ནང་མ་ཚུད་པའི་ གོང་འཕེལ་གྱི་ལཱ་ཚུ་འབད་ནི་ལ་སོགས་པ་ཚུ་ འབྲུག་ཕུན་སུམ་ཚོགས་པའི་ ཁས་བླངས་ཨིན་ཟེར་ཨིན་པས།
དེ་བཟུམ་སྦེ་ ཤེས་རིག་གི་ སྤུས་ཚད་ཡར་དྲག་གཏང་ཐབས་ལུ་ སློབ་དཔོན་ཚུ་ལུ་ སྦྱོང་བརྡར་དང་ འཐུས་མང་སུ་སྤྲོད་ནི་ གཞི་རྟེན་ཤེས་ཡོན་སློབ་དཔོན་ཚུ་ གཏན་འཇགས་ཀྱི་ཞི་གཡོགཔ་དང་ ཐོབ་ཁུངས་ཡང་ ཞི་གཡོགཔ་ཚུ་བཟུམ་སྦེ་བཟོ་ནི་ ཤར་ཕྱོགས་ཁ་ཐུག་ལུ་ འབྲིང་རིམ་སློབ་གྲྭ་༣ བཙུགས་ནི་ལུ་ མི་སེར་དམངས་གཙོ་ཚོགས་པའི་ ཁས་བླངས་ཨིན་པས།
དྲི་ལན་གྱི་སྐབས་ ཚེ་རིང་བསྟན་འཛིན་གྱིས་ མི་སེར་དམངས་གཙོའི་ཚོགས་པ་དེ་ སྲིད་ཚོགས་སྒྲིང་སྒྲིང་ཡོད་པའི་ཚོགས་པ་ཨིན་ཟེར་སླབ་དོ་ཡོདཔ་ལས་ གལ་སྲིད་བཙག་འཐུ་འགྲུབ་པ་ཅིན་ ཚོགས་པ་དེ་ལུ་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་༡༠ ག་དང་ག་ར་ཚུདཔ་ཨིན་ན་ མིང་བཏོན་གནང་ཟེར་ཨིན་པས།
དེ་ལུ་ ཡེ་ཤེས་རྡོ་རྗེ་གིས་ མ་འོངས་པའི་དུས་དེ་ ད་ལྟོ་ལས་ བཟུང་ནི་མི་འོང་ཟེར་ཨིན་རུང་ གལ་སྲིད་བཙག་འཐུ་འགྲུབ་པ་ཅིན་ ཤར་ཕྱོགས་ཁ་ཐུག་ལས་ བློན་པོ་༥ དང་ དབུས་ཕྱོགས་དང་ ལྷོ་ཕྱོགས་ལས་༢ དེ་ལས གཞན་ཚུ་ནུབ་ཕྱོགས་ལས་ འོང་ནི་ཨིན་ཟེར་ཨིན་པས།
དེ་བཟུམ་སྦེ་ ཚེ་རིང་བསྟན་འཛིན་ལུ་ འབྲུག་མཉམ་རུབ་ཚོགས་པ་གིས་ འདེམས་ངོ་༧ མི་སེར་དམངས་གཙོ་ཚོགས་པ་ནང་ འཛུལ་བའི་སྐབས་ལུ་ འབྲུག་ཕུན་སུམ་ཚོགས་པ་གིས་ མཉམ་བསྡོམས་ཨིན་ཟེར་ མི་སེར་ཚུ་ལུ་སླབ་སྟེ་ མཐའན་མཇུག་ལུ་ འབྲུག་ཕུན་སུམ་ཚོགས་པ་གིས་ཡང་ སྤྱིར་དབང་ཚོགས་པའི་ འདེམས་ངོ་ཅིག་བཙུགས་མི་དེ་ ག་ཅི་སྨོ་ཟེར་ཨིན་པས།
དེ་ལུ་ ཚེ་རིང་བསྟན་འཛིན་གྱིས་ དེ་སྦེ་ ཚོགས་པ་ཚུ་གིས་ ཚོགས་པ་ཅིག་ནང་ འཛུལ་བའི་སྐབས་ལུ་ ཚོགས་རྒྱན་གྱི་ཁེ་ཕན་དང་ དངུལ་གྱི་ཁེ་ཕན་ལུ་ ལྟ་ཞིནམ་ལས་འཛུལ་མི་དེ་ མི་སེར་ཚུ་གི་ ཚ་གྱང་ལས་འབད་བ་ཅིན་ གླང་༢ ཀྱིས་ ཁ་རུབ་རྐྱབ་སྟེ་ གླང་༡ ལུ་ འཐབ་པའི་དོགས་པ་ལུ་བརྟེན་ཨིན་ཟེར་ཨིནམ་ད་ ཨིན་རུང་ ག་དེ་སྦེ་ཨིན་ན་ ཁོ་གིས་ ཞུ་ནི་མས་ཟེར་ ཨིན་པའི་གནས་ཚུལ།

ལྷུན་རྩེ་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment