གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁས་བླངས་མེན་པར་ འཐུས་མི་༢ ཀྱིས་ གཅིག་གིས་གཅིག་ལུ་སྐྱོན་བརྗོད།

༢༤/༦/༢༠༡༣    ༉ དབང་འདུས་ཕོ་བྲང་ཨ་ཐང་-ཐད་ཚོ་འདེམས་ཁོངས་ཀྱི་ འཐུས་མི་༢ ཀྱིས་ དར་དཀར་རྒེད་འོག་ལྟེ་བའི་ནང་ སྤྱིར་བཏང་གྲོས་འཛོམས་སྐབས་ལུ་ ཁས་བླངས་གསལ་བསྒྲགས་འབད་ནི་མེན་པར་ གཅིག་གིས་གཅིག་ལུ་ སྐྱོན་བརྗོད་འབད་དེ་ དུས་ཚོད་རྫོགས་སོཔ་ཨིན།

སྤྱིར་བཏང་གྲོས་འཛོམས་ནང་ བཅའ་མར་གཏོགས་མི་ གངམ་མ་ཐོན་མི་ལུ་བརྟེན་ རྐང་ཁྲི་ལེ་ཤ་ཅིག་ སྟོངམ་ལུས་ཡོད་པའི་མཐོང་སྣང་།

དེ་ཡང་ མི་སེར་དམངས་གཙོ་ཚོགས་པ་གིས་ རྒྱལ་ཁབ་ནང་ གནམ་གྲུ་ཧེ་ལི་ཀོབ་ཊར་༢ མཁོ་སྒྲུབ་འབད་ནི་དེ་ ཁས་བླངས་གཙོ་བོ་ཅིག་སྦེ་ འབད་མི་དེ་ལུ་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ པ་སངས་འཕྲིན་ལས་ཀྱིས་འབད་བ་ཅིན་ གནམ་གྲུ་མཁོ་སྒྲུབ་འབད་ཚུགས་རུང་ རྒྱུན་སྐྱོང་འབད་མ་ཚུགས་པའི་ དཀའ་ངལ་འཐོན་ནི་ཨིནམ་ལས་ དེ་གིས་ རྒྱལ་ཁབ་ཀྱི་ འོང་འབབ་ལུ་ ཐོ་ཕོག་འོང་ཟེར་ཨིན་པས།
དེ་འབདཝ་ད་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ རྟ་མགྲིན་དབང་ཕྱུག་གིས་ ཁུངས་བཀལ་མིའི་ནང་ གནམ་གྲུ་མཁོ་སྒྲུབ་འབད་ནི་གི་ ཁས་བླངས་འབད་མི་དེ་ཡང་ གློ་བུར་གྱི་རྐྱེན་ངན་ དཔེར་ད་ སྤྱི་ལོ་༢༠༠༩ ལུ་ ཆུ་ཁ་ལུ་ སློབ་ཕྲུག་བུཚ་༦ ཝང་ཆུ་བྲེས་ཏེ་ འཕྱགས་བདའ་མི་དེ་ གནམ་གྲུ་ཡོད་པ་ཅིན་ སྲོག་སྐྱབས་འབད་ཚུགས་ཚུགསཔ་འོང་ཟེར་ཨིནམ་ད་ དེ་བཟུམ་མའི་ ཞབས་ཏོག་མེད་མི་ལུ་བརྟེན་ སློབ་ཕྲུག་བུཚ་ཚུ་ དུས་ཡུན་ཆུ་ཚོད་༥ ལྷགཔ་ཅིག་གི་རིང་ གཙང་ཆུའི་སྦུག་ལུ་ ཐོགས་ལུས་པའི་སྐབས་ ག་ཅིག་ཡང་འབད་ཐབས་མེད་པར་ ཆུ་གིས་ འཕྱགས་འབག་མི་དེ་ ག་གིས་ཡང་ཤེས་ཟེར་ཨིན་པས།
ད་རུང་ གནམ་གྲུའི་ཕན་པ་གཞན་དེ་ འབྲུག་ཕུན་སུམ་ཚོགས་པའི་ འཐུས་མི་བགྲེསཔ་ ཨྱོན་ཚེ་རིང་གི་མགུ་ཏོ་ཁར་ མདའ་ཕོགཔ་ད་ གཞུང་གིས་ དེ་འཕྲོ་ལས་ གནམ་གྲུ་འཚོལ་ཏེ་ སྨན་བཅོས་འབད་བར་ རྒྱ་གར་ལུ་ མ་བཏང་པ་ཅིན་ ཤི་སོཔ་འོང་ཟེར་ རྟ་མགྲིན་དབང་ཕྱུག་གིས་བཤད་ཅི།
པ་སངས་འཕྲིན་ལས་ཀྱིས་ གྲོས་འཛོམས་ནང་ བཅའ་མར་གཏོགས་མི་ཚུ་ལུ་ སླབ་མིའི་ནང་ མི་སེར་དམངས་གཙོ་ཚོགས་པ་གིས་ དྲག་ཁག་གསུམ་གྱི་ དངུལ་ཕོགས་ཡར་སེང་རྐྱབ་ནི་དང་ རྒེད་འོག་ལྟེ་བ་རེ་ནང་ མར་ཁུ་བླུག་མཛོད་ཁང་རེ་རྐྱབ་ནི་ དེ་ལས་ དངུལ་ཁང་རེ་ཡང་ བཙུགས་ནི་ཨིན་ཟེར་ ཁས་བླངས་འབད་མི་ཚུ་ འོས་འབབ་མེད་ཟེར་ཨིན་པས།
ཨིན་རུང་ འཕྲལ་ཁམས་ཅིག་ལས་ དེ་བཟུམ་མའི་ ཁས་བླངས་འབད་ནི་ མིན་འདུག་ཟེར་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ དམག་སྡེའི་དངུལ་ཕོག་ཡར་སེང་འབད་ནི་དེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ ཁྱད་དབང་ཨིནམ་ལས་ གཞུང་ལུ་ དབང་ཚད་མེད་པའི་ཁར་ དངུལ་ཁང་གཞི་བཙུགས་འབད་ནི་ཟེར་མི་ཡང་ དངུལ་ཁང་ཁོང་ར་གིས་ར་ གཞི་བཙུགས་འབད་ན་མ་གཏོགས་ གཞུང་གིས་འབད་ཐབས་མེད་ཟེར་ཨིན་པས།
དེ་ལས་ སྤྱི་འོག་རེ་ནང་ ཞིང་རྨོ་འཕྲུལ་པ་ཝར་ཊེ་ལར་རེ་ མཁོ་སྤྲོད་འབད་ནི་གི་ ཁས་བླངས་འབད་ཡོདཔ་བཞིན་དུ་ ག་དེམ་ཅིག་སྦེ་ མི་སེར་ག་གིས་ དགོས་མཁོ་བཀོད་ནི་ཨིནམ་ལས་ མི་སེར་ཚུ་གི་བར་ན་ བྱ་སྟབས་མ་བདེཝ་ སྦོམ་ཐོན་པའི་ གཞི་ཅིག་ལུ་ འགྱུར་འོང་ཟེར་ཨིན་པས།
དེ་ལུ་ རྟ་མགྲིན་དབང་ཕྱུག་གིས་འབད་བ་ཅིན་ ཞིང་རྨོ་འཕྲུལ་དེ་ སྐོར་རྒྱབ་སྦེ་ ལག་ལེན་འཐབ་ནི་གི་ ལམ་ལུགས་བཟོ་ནི་ཨིནམ་ད་ གལ་སྲིད་ དེ་གིས་ཡང་ ཕན་ཐོགས་མ་བྱུང་པ་ཅིན་ ཚོགས་རྒྱན་བཙུགས་ཐོག་ལས་ སྐོར་རྒྱབ་བཟོ་བ་ཅིན་དཀའ་ངལ་མི་འཐོན་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ མི་སེར་དམངས་གཙོ་ཚོགས་པ་གིས་ ཁས་བླངས་འབད་མི་ལུ་ སྐྱོན་བརྗོད་འབད་མི་དེ་ མ་རུངམ་ཅིག་ཨིནམ་ཚད་ འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ འཇིགས་མེད་འཕྲིན་ལས་ཀྱིས་ཡང་ འཕྲལ་ཁམས་ཅིག་ཁར་ དབང་འདུས་བོ་བྲང་གི་ མི་སེར་ཚུ་ལུ་ བཙག་འཐུ་ཐེངས་༢ པའི་ནང་ཡང་ འབྲུག་ཕུན་སུམ་ཚོགས་པ་གིས་ རྒྱལ་ཁ་འཐོབ་ནི་ ངེས་བདེན་ཨིནམ་ལས་ གལ་སྲིད་ མི་སེར་དམངས་གཙོ་ཚོགས་པའི་ འཐུས་མི་བཙག་འཐུ་འགྲུབ་པ་ཅིན་ ཁོང་གི་འདེམས་ཁོངས་ནང་ གོང་འཕེལ་གྱི་ལཱ་ཚུ་ འདྲ་མཉམ་འབད་མི་འཐོབ་ཟེར་ སླབ་མི་དེ་ མི་བདེན་ཟེར་ མི་སེར་ཚུ་ལུ་ དོགས་སེལ་འབད་ཡོདཔ་ཨིན།
ཁོ་གིས་འབད་བ་ཅིན་ འཆར་གཞིའི་ལཱ་དེ་ མི་སེར་གྱི་ ཁྱད་དབང་ཨིནམ་ལས་ གཞུང་ག་གིས་ཐོབ་རུང་ གོང་འཕེལ་ལཱ་ཚུ་ ངེས་པར་དུ་ འཐོབ་དགོ་ཟེར་ཨིན་པས།
དེ་མ་ཚད་ གཙོ་འཛིན་གྱིས་ འབྲུག་ཕུན་ཚོགས་པ་ལུ་ ཚོགས་རྒྱན་བཙུགས་པ་ཅིན་ བསོད་ནམས་བསག་ནི་དང་ མི་སེར་དམངས་གཙོ་ཚོགས་པ་ལུ་ ཚོགས་རྒྱན་བཙུགས་པ་ཅིན་ བསོད་ནམས་ཉམས་འོང་ཟེར་ སླབ་མི་དེ་ཡང་ ངལ་མ་རངས་པའི་ ལོ་རྒྱུས་ཨིནམ་ལས་ དེ་བཟུམ་མའི་ སྐྱོན་བརྗོད་དང་ མ་དགའ་བའི་ གཏམ་སླབ་མི་དེ་གིས་ མི་སེར་མགུ་འཐོམ་བཅུག་ནི་གི་ ཉེན་ཁ་འདུག་ཟེར་ཨིན་པས།
ཁ་ཙ་ སྤྱིར་བཏང་གྲོས་འཛོམས་སྐབས་ ཨ་ཐང་རྒེད་འོག་ ལོ་པོ་ཁ་དང་ མིག་ལྟ་ཁ་སྤྱི་འོག་ནང་ ཁྱད་ཚད་ལྡན་པའི་ཚོགས་རྒྱན་བཙུགས་མི་༢༡༨ དེ་ཅིག་ཡོདཔ་ཨིན་རུང་༡༦ གིས་མ་གཏོགས་ བཅའ་མར་གཏོགས་མ་ཚུགསཔ་ད་ དར་དཀར་རྒེད་འོག་ནང་ ཚོགས་རྒྱན་བཙུགས་ཆོག་མི་༨༠༠ དེ་ཅིག་ཡོད་ས་ལས་༡༡ མ་གཏོགས་ མ་ལྷོད་མི་དེ་ཡང་ ད་རེས་ནངས་པར་ རྒེད་འོག་ནང་ ལྕང་ལཱ་རྐྱབ་པའི་བསྒང་ ཡོད་མི་ལུ་བརྟེན་ཏེ་ ཨིན་པའི་གནས་ཚུལ།

དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment