གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གོང་ཚད་ཡར་སེང་སོང་མི་ལུ་བརྟེན་ རྒྱལ་ཁབ་ནང་ ཤའི་བཀྲམ་སྤེལ་མེདཔ།

༢༠/༦/༢༠༡༣  ༉ ལོ་ཨ་རྟག་ར་ བཀག་དམ་འབད་སྲོལ་ཡོད་མི་དང་འཁྲིལ་ དུས་ཅིའི་ ས་ག་ཟླ་བའི་དུས་ཆེན་རྫོགས་ཏེ་ སྤྱི་ཟླ་༦ པའི་ཚེས་༩ ལས་ ཤ་ཚུ་བཙོང་ནི་ ལོག་འགོ་བཙུགས་ཡོདཔ་ཨིན་རུང་ ཤ་ཁང་ཚུ་ནང་ ད་ལྟོ་ཡང་ ཤ་མེདཔ་ཨིན་པས།
ཤ་མེད་པའི་ ཤ་ཁང་།


དེ་ཡང་ ཤ་ཚོང་པ་ཚུ་གིས་ ནང་འདྲེན་འབད་སའི་ རྒྱ་གར་གྱི་ ས་ཁོངས་ནང་ར་ ཤ་མེད་པའི་དཀའ་ངལ་ལུ་བརྟེན་ཨིནམ་ད་ དམིགས་བསལ་གྱི་ནོར་ཤ་ཚུ་ རྩ་ལས་ར་ ཐོབ་མི་ཚུགས་དོ་ ཡོདཔ་ཨིན་པས།
ཤ་ཚོང་པ་ཚུ་གིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ ཁོང་ཆ་ཁྱབ་ཀྱིས་ བདུན་ཕྲག་རེ་ལུ་ ནོར་ཤ་ཀེ་ཇི་༢,༠༠༠ ལས་༣,༠༠༠ གི་བར་ན་ ནང་འདྲེན་འབདཝ་ཨིན་རུང་ བཀག་དམ་གྱི་ དུས་ཡུན་ཚང་ཞིནམ་ལས་ བདུན་ཕྲག་རེ་ལུ་ ཤ་ཀེ་ཇི་༥༠༠ རེ་ལས་བརྒལ་ ནང་འདྲེན་འབད་མ་ཚུགས་པའི་ཁར་ ད་རེས་ཁམས་ཅིག་ལས་ ནོར་ཤ་ཚུ་ མིན་འདུག་ཟེར་ སླབ་ཨིན་པས།
ཐིམ་ཕུ་ཚོད་བསྲེ་ཁྲོམ་གྱི་ ཉེ་འདབས་ལུ་ཡོད་པའི་ ཌི་ཀེ་ ཤ་ཁང་གི་ཇོ་བདག་ བསོད་ནམས་ཤེར་པ་གིས་ སླབ་མིའི་ནང་ སྤྱི་ཟླ་༦ པའི་ཚེས་༩ ལས་འགོ་བཙུགས་ ད་ཚུན་ལུ་ མང་ཤོས་ཅིག་ དཔག་བསམ་ཁ་དང་ ཕུན་ཚོགས་གླིང་ རྩི་རང་ དེ་ལས་ དགེ་ལེགས་ཕུག་ཚུ་ལས་ལེན་མི་ ནང་འཁོད་ཀྱི་ བྱ་ཤ་ཚུ་རྐྱངམ་གཅིག་ བཙོང་དོ་ཟེར་ཨིན་པས།
ཨིན་རུང་ མི་མང་ཤོས་ཅིག་གིས་ ནོར་ཤ་འཚོལ་དོ་ཡོདཔ་ད་ ནོར་ཤ་ཚུ་ཡང་ རྒྱ་གར་གྱི་ ས་མཚམས་ཁྲོམ་སྡེ་ ཇའི་གང་ལས་ ནང་འདྲེན་འབད་དོ་ཡོདཔ་ཨིན་པས།
ཐིམ་ཕུ་ཁྲོམ་ཁར་ཡོད་པའི་ འབྲུག་ཤ་ཚོང་ཁང་གི་ཇོ་བདག་ ཧར་ཀ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཇའི་གང་ལས་ ཤ་བཀྲམ་སྤེལ་འབད་མི་ཅིག་གིས་ འབྲུག་པའི་ཤ་ཚོང་པ་ཚུ་ལུ་ དམིགས་བསལ་གྱི་ནོར་ཤ་གི་ གོང་ཚད་ཚུ་ ཡར་སེང་སོང་ཡོདཔ་སྦེ་ སླབ་ཅི་ཟེར་ཨིན་པས།
ད་རེས་ འབྲུག་པའི་ཤ་ཚོང་པ་ཚུ་གིས་ གོང་ཚད་གསརཔ་དེ་གུ་ ཤ་ཚུ་ཉོ་བ་ཅིན་ རྒྱལ་ཁབ་ནང་འཁོད་ཀྱི་གོང་ཚད་ཚུ་ལུ་ བསྒྱུར་བ་མེདཔ་བཞིན་དུ་ རྒུས་ཕོག་ནི་ཨིནམ་ལས་ ཤ་མ་ཉོ་ཟེར་ཨིནམ་ད་ རྒྱ་འབྲུག་གཉིས་ཀྱི་ ཤ་ཚོང་པ་ཚུ་གི་བར་ན་ ཞལ་འཛོམས་ཅིག་ཡང་ འགོ་འདྲེན་འཐབ་ནི་ཨིནམ་ལས་ དེ་དང་འཁྲིལ་ གནད་དོན་དེ་ ཤའི་ཚོགས་པ་ལུ་ བཙུགས་ནི་ཨིན་ཟེར་ཨིན་པས།
ཤའི་ཚོགས་པ་དེ་ནང་ འབྲུག་ཚོང་དང་ བཟོ་གྲྭ་ཚོགས་སྡེ་དང་ བསྟན་རྒྱས་ལྷན་ཁག་ འབྲུག་སོ་ནམ་དང་ བཟའ་སྤྱོད་ཁྲིམས་དོན་དབང་འཛིན་ ཁྲིམས་སྲུང་འགག་སྡེ་ དེ་ལས་ ཁྲོམ་སྡེ་ཚུ་ནང་ལས་ འཐུས་མི་ཚུ་ ཡོདཔ་ཨིན་པས།
ཐིམ་ཕུའི་ལས་འཛིན་ཅིག་ནང་ ལཱ་འབད་མི་ བཀྲིས་ཀྱིས་འབད་བ་ཅིན་ ཁོ་གིས་ སྤྱི་ཟླ་༦ པའི་ཚེས་༡༥ ལས་འགོ་བཙུགས་ ཤ་ཁང་ཚུ་ནང་ ནོར་ཤ་འཚོལ་བར་ འཕྲལ་འཕྲལ་སྦེ་ར་ སོང་ཡོདཔ་ཨིན་རུང་ ཤ་ཐོབ་མ་ཚུགས་ཟེར་ཨིན་པས།
མ་གཞི་ཁོ་ར་གིས་ ཤ་དང་ཕྱདཔ་ད་ ཚོད་བསྲེ་གི་རིགས་ཚུ་ལུ་ དགའ་དོ་ཡོདཔ་ཨིན་རུང་ ཁོ་གི་ཨ་ལུ་ཚུ་ ད་ལྟོ་ ཕོཝ་རྒྱགས་པའི་བསྒང་འབད་ནི་དེ་གིས་ ཟས་བཅུད་ལངམ་སྦེ་ བྱིན་དགོཔ་དེ་ ཁག་ཆེ་བས་ཟེར་ཨིན་པས།
ཤ་བཀྲམ་སྤེལ་འབད་མི་ ཇའི་སྒང་ལས་ རཱསི་ཏཱམ་ མི་ཡ་གིས་ འགྲུལ་འཕྲིན་ཐོག་ལས་ བཤད་དོ་བཟུམ་འབད་བ་ཅིན་ ཤའི་གོང་ཚད་ ཡར་སེང་སོང་མི་དེ་ཡང་ ནེ་པཱལ་རྒྱལ་ཁབ་ནང་ལས་ སེམས་ཅན་བཀྲམ་སྤེལ་གྱི་གྱངས་ཁ་ མར་འབབ་སོང་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
མ་གཞི་ཁོང་གིས་ སེམས་ཅན་ཚུ་ བི་ཧཱར་དང་ ཨུ་ཏར་པར་དེཤི་ དེ་ལས་ ནུབ་བེང་གཱལ་ཚུ་ནང་ལས་ ལེན་དོ་ཡོདཔ་ཨིན་རུང་ ད་རེས་ ནེ་པཱལ་རྒྱལ་ཁབ་ནང་ བཙག་འཐུའི་དུས་ཚོད་ རན་མི་ལུ་བརྟེན་ སེམས་ཅན་གྱི་གྱངས་ཁ་ཚུ་ རྒྱ་ཆེ་དྲགས་སྦེ་ར་ མར་འབབ་སོང་ཡི་ཟེར་ རཱསི་ཏཱམ་གྱིས་ སླབ་ཨིན་པས།
ཁོ་གིས་ ཧེ་མ་འབད་བ་ཅིན་ ནོར་ཤ་ཀེ་ཇེ་རེ་ལུ་ དངུལ་ཀྲམ་༡༢༠ དང་༡༣༠ སྦེ་ ཐོབ་ཡོདཔ་ཨིན་རུང་ ད་ལས་ཕར་ དངུལ་ཀྲམ་༡༤༠ ལུ་ ཡར་སེང་སོང་ནུག་ཟེར་ཨིན་པས།
སེམས་ཅན་ཚུ་ སྣུམ་འཁོར་ཊཱག་ཚུ་ནང་ འབག་འོང་སྟེ་ ཇའི་གང་ཁྲོམ་གྱི་ ཉེ་འདབས་ལས་ཕར་བཞག་ཐོག་ལས་ ཚོང་འབྲེལ་གྱི་ དགོས་མཁོ་དང་འཁྲིལ་ བསད་དོ་ཡོདཔ་ཨིན་པས།
ང་བཅས་ལུ་ ཤའི་གོང་ཚད་ལྟ་མི་ ཚོགས་པ་མེད་དེ་འབད་རུང་ བཀྲམ་སྤེལ་གྱི་ ཚད་གཞི་དང་འཁྲིལ་ འབྲུག་པའི་ ཤ་ཚོང་པ་ཚུ་ལུ་ ཤ་བཀྲམ་སྤེལ་འབད་མི་ཚུ་གིས་ གོང་ཚད་ཚུ་ ང་བཅས་ར་གིས་སྦེ་ སེངམ་ཨིན་ཟེར་ བཀྲམ་སྤེལ་བ་གིས་ སླབ་ཨིན་པས།
ད་རེས་ནངས་པ་ རྒྱལ་ཁབ་ནང་འཁོད་ལུ་ ཤ་ཕྱེད་རུ་ཕྱེད་འབད་མི་ ནོར་ཤ་ ཀེ་ཇི་རེ་ལུ་ གོང་ཚད་དངུལ་ཀྲམ་༡༥༠ དང་ ཤ་ལྷ་པ་ཉག་རྐྱང་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༩༠ རེ་ལུ་ ཚད་གཞི་བཟོ་སྟེ་ ཡོདཔ་ཨིན་པས།
ཕག་ཤ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༥༠ རེ་སྦེ་ བཙོང་དོ་ཡོདཔ་ཨིན་རུང་ ཇའི་གང་ལས་ ཤ་བཀྲམ་སྤེལ་འབད་མི་ཅིག་གིས་ སླབ་མིའི་ནང་ ཁོང་ཆ་ཁྱབ་ཀྱིས་ ནོར་ཤའི་གོང་ཚད་ལུ་ ཁ་འཆམ་མ་ཚུགས་ཚུན་ལུ་ ཕག་ཤ་ཚུ་ཡང་ བཀྲམ་སྤེལ་འབད་ནི་ བཀག་བཞག་ཡི་ཟེར་ཨིན་པས།
ཤའི་གོང་ཚད་ ཡར་སེང་སོང་མི་ལུ་བརྟེན་ རྒྱ་གར་རྒྱལ་ཁབ་ཀྱི་ ས་གནས་ཚུ་ནང་ཡང་ གནོད་པ་བྱུང་སྟེ་ ཡོད་ཟེར་ རྒྱ་གར་གྱི་ ཤ་བཀྲམ་སྤེལ་བ་ཚུ་གིས་ སླབ་ཨིན་པས།
རྒྱལ་ཁབ་ནང་ ཤའི་གོང་ཚད་མཇུག་དེ་ར་ ན་ཧིང་ སྤྱི་ཟླ་༩ པའི་ནང་ ཤའི་ཚོགས་པ་དང་ ཤ་ཚོང་པ་༢༥ གི་བར་ན་ ཞལ་འཛོམས་འཚོགས་ཐོག་ལས་ བསྐྱར་ཞིབ་འབད་ཡོདཔ་ཨིན་པས།
རྒྱལ་ཁབ་ནང་ སྤྱི་ལོ་༢༠༡༠ ལུ་ ཤ་མེ་ཊིག་ཊཱོན་༦,༠༠༠ དང་༢༠༡༡ ལུ་ མེ་ཊིག་ཊཱོན་༨,༠༠༠ ནང་འདྲེན་འབད་ཡོདཔ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment