གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱ་གར་གྱིས་ ལས་འགུལ་གྱི་ཁ་སྐོང་མ་དངུལ་བྱིན་ནི་ གཏན་འཁེལ།

༢༨/༢/༢༠༡༣   ༉ རྒྱ་གར་གཞུང་གིས་ མང་སྡེ་ཆུ་ གློག་མེ་ལས་འགུལ་གྱི་དོན་ལུ་ ཁ་སྐོང་མ་དངུལ་བྱིན་ནི་ཨིན་མི་དེ་ གཏན་འཁེལ་སོང་ཡོདཔ་ལས་ ལས་འགུལ་གྱི་དོན་ལུ་ ཁག་འབག་གི་ལཱ་འབད་མི་ཚུ་ འདས་པའི་ཟླ་ངོ་དག་པ་ཅིག་གི་རིང་ མ་དངུལ་མེད་པའི་དཀའ་ངལ་ཐོན་མི་དེ་ བསལ་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།


གློག་མེ་ལས་འགུལ་གྱི་འཛིན་སྐྱོང་འགོ་དཔོན་ ཨེ་ཀེ་མིཤ་ར་གིས་ བཤད་དོ་བཟུམ་འབད་བ་ཅིན་ མ་དངུལ་གྱི་སྐོར་ལས་ རྒྱ་གར་གཞུང་གིས་ ཁས་ལེན་འབད་དེ་ཡོདཔ་ལས་ ཡིག་ཚང་བཀའ་རྒྱ་ལུ་བསྒུག་སྟེ་ཡོད་ཟེར་ཨིནམ་ད་ བཀའ་རྒྱ་དེ་ཡང་ ཞག་དག་པ་ཅིག་གི་ནང་འཁོད་ལུ་ ཐོབ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
འཛིན་སྐྱོང་འགོ་དཔོན་གྱིས་ བཀའ་རྒྱ་ཐོབ་པའི་ཤུལ་ལུ་ མ་དངུལ་ཐོབ་ཚུགས་ནི་ཨིནམ་ལས་ སྤྱི་ཟླ་༣ པའི་ཚེས་༡༠ གྱི་ནང་འཁོད་ལུ་ མ་དངུལ་ཚུ་ ཐོབ་ཚུགསཔ་འོང་ཟེར་ཨིན་པས།
རྩིས་ལོ་༢༠༡༢ དང་༢༠༡༣ ལོའི་དོན་ལུ་ མ་དངུལ་ ཐེར་འབུམ་༣༡༥ དགོཔ་སྦེ་ བཙུགས་ཡོདཔ་ཨིན་རུང་ ད་ཚུན་ རྒྱ་གར་གཞུང་གིས་ དངུལ་ཀྲམ་ ཐེར་འབུམ་༡༦༠ བྱིན་མི་གིས་ ལང་མ་ཚུགས་པར་ ཁ་སྐོང་མ་དངུལ་ ཐེར་འབུམ་༡༥༥ དགོཔ་སྦེ་ བཙུགས་ཡོདཔ་ཨིན་པས།
རྒྱ་གར་གཞུང་གིས་ མ་དངུལ་ག་དེམ་ཅིག་བྱིན་འོང་ག་ སླབ་མི་ཚུགས་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་རུང་ འཛིན་སྐྱོང་འགོ་དཔོན་གྱིས་འབད་བ་ཅིན་ དངུལ་ཀྲམ་ཐེར་འབུམ་༡༠༡ བྱིན་ནི་གི་ ཁས་ལེན་འབད་དེ་ཡོད་ཟེར་བཤད་ཅི།
ལས་འགུལ་གྱི་ དངུལ་རྩིས་གཙོ་འཛིན་འགོ་དཔོན་ དཱགས་ཚེ་རིང་གིས་ བཤད་དོ་བཟུམ་འབད་བ་ཅིན་ འདས་པའི་ཟླ་ངོ་༣ གྱི་རིང་ མ་དངུལ་གྱི་དཀའ་ངལ་ སྦོམ་སྦེ་ར་ཐོན་ནི་དེ་གིས་ ལས་འགུལ་ནང་ ཁག་འབག་གི་ལཱ་འབད་མི་ ལས་སྡེ་ཚུ་གིས་ བརྒྱུད་འཕྲིན་འོང་དོ་ཡོདཔ་ལས་ ལ་ལུ་ཅིག་གིས་ ཁག་འབག་གི་ལཱ་ཚུ་ བཀོག་བཞག་ནི་ཟེར་སླབ་ཡོདཔ་ཨིན་པས།
ཁོ་གིས་ མ་དངུལ་དགོ་པའི་སྐོར་ལས་ རྒྱ་གར་གཞུང་ལུ་ འཕྲལ་འཕྲལ་སྦེ་ར་ ཨུ་ཚུགས་བསྐྱེད་པའི་ཤུལ་ལས་ ཁས་ལེན་འབད་ཡོདཔ་ད་ མ་དངུལ་ཐོབ་པའི་ཤུལ་ལུ་ ཁག་འབགཔ་ཚུ་ལུ་ དེ་འཕྲོ་ལས་བྱིན་ནི་ཨིན་ཟེར་ཨིན་པས།
ཆུ་བྱག་བཟོ་སྐྲུན་འབད་མི་ཚུ་གི་དོན་ལུ་ བཀྲ་ཤིས་སྡིངས་ཁ་ལུ་སྦེ་ སྡོད་ཁྱིམ་བཟོ་སྐྲུན་འབད་མི་ ཁག་འབགཔ་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོ་གིས་ རྒྱ་གར་གྱི་ལས་མི་ཚུ་ ལོག་འགྱོ་མ་བཅུག་པར་བཞག་ཐབས་ལུ་ ལྟོ་རྒྱགས་ཚུ་བྱིན་ཏེ་ བདུན་ཕྲག་༣ དེ་ཅིག་བཀག་བཞག་ཡོད་རུང་ ཡུདཔ་ཅིག་ལས་ ཉན་མ་བཏུབ་པར་ ལོག་ཡར་སོ་ཡི་ཟེར་ཨིན་པས།
འབྲུག་བཟོ་རིག་ཁག་འབག་ལས་སྡེའི་འཛིན་སྐྱོང་འགོ་དཔོན་ པདྨ་རྡོ་རྗེ་གིས་ རྒྱ་གར་གྱི་ལས་མི་༤༠ དེ་ཅིག་ལུ་ མ་དངུལ་བྱིན་ནི་མེད་མི་ལུ་བརྟེན་ ག་ར་ལོག་སོང་ཡི་ཟེར་ཨིནམ་ད་ ཁོ་གིས་འབད་བ་ཅིན་ མ་དངུལ་གྱི་དཀའ་ངལ་དེ་ སྤྱི་ལོ་༢༠༡༢ ལོ་མཇུག་བསྡུ་ཁམས་ལས་ གནས་སྟངས་སྐྱོ་དྲགས་ལུ་གྱུར་སོ་ཡི་ཟེར་ཨིན་པས།
བྱ་ཁྱུང་བཟོ་སྐྲུན་ལས་སྡེ་གིས་ མ་དངུལ་འཐོབ་ནི་ལུ་བསྒུག་སྡོད་པ་ཅིན་ ལཱ་མཇུག་བསྡུ་མ་ཚུགས་པའི་དཀའ་ངལ་ཐོན་ནི་ཨིནམ་ལས་ མ་དངུལ་འཚོལ་ཏེ་ ལཱ་འབད་ཡི་ཟེར་ཨིན་པས།
ཁག་འབག་ལ་ལུ་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ མ་དངུལ་དེ་ ཧེ་མ་ལས་ར་ བྱིན་ནི་ཟེར་སླབ་ཡོད་རུང་ མ་དངུལ་ལྷོད་ནི་མེདཔ་ལས་ ད་ལྟོའི་ལོ་རྒྱུས་དེ་ བདེན་རྫུན་ག་དེ་སྦེ་འོང་ག་ སླབ་མི་ཤེས་པས་ཟེར་ཨིན་པས།
དངུལ་རྩིས་གཙོ་འཛིན་འགོ་དཔོན་གྱིས་ ད་ཚུན་ ཁག་འབགཔ་ཚུ་ལས་ བརྒྱུད་འཕྲིན་འོངམ་ད་ མ་དངུལ་ཚུ་འཕྲལ་མགྱོགས་ར་ བྱིན་ནི་ཨིན་ཟེར་སླབ་མི་དེ་ ཤོབ་སླབ་དོ་བཟུམ་སྦེ་ ཚོར་ཡོད་ཟེར་ཨིན་པས།
ལས་འགུལ་ནང་ མ་དངུལ་གྱི་དཀའ་ངལ་ཐོན་མི་ལུ་བརྟེན་ ལས་བྱེད་པའི་སྡོད་ཁྱིམ་བཟོ་སྐྲུན་འབད་མི་ཚུ་ཡང་ དུས་ཚོད་ཁར་ མཇུག་བསྡུ་མ་ཚུགས་པར་ ལུས་ཡོད་པའི་གནས་ཚུལ།

བཀྲ་ཤིས་བསྟན་འཛིན།

No comments:

Post a Comment