གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་ཁབ་ནང་ འབྲོང་གྱིམ་ཙེའི་གྱངས་ཁ་ ཉམས་མེད་གནས་བཞིན་ཡོདཔ།

༢༣/༢/༢༠༡༣   ༉ ལོ་ངོ་༡༢ ཀྱི་ཧེ་མ་དང་ཕྱདཔ་ད་ རྒྱལ་ཁབ་ནང་ རྒྱལ་ཡོངས་ཀྱི་སེམས་ཅན་ འབྲོང་གྱིམ་ཙེའི་གནས་ཚད་དེ་ འགྱུར་བ་མེད་པའི་བརྡ་མཚོན་སྟོན་དོ་ཡོདཔ་ད་ དེ་ཡང་ མགར་ས་རྫོང་ཁག་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གླིང་ཁའི་ གནས་སྡུད་དང་འཁྲིལཝ་ད་ སྤྱི་ལོ་༢༠༠༡ ལུ་ འབྲོང་གྱིམ་ཙེའི་གྱངས་ཁ་༡༤༦ ཐོ་བཀོད་འབད་མི་དང་ཕྱདཔ་ད་ སྤྱི་ལོ་༢༠༡༢ ལུ་༡༦༤ ཐོ་བཀོད་འབད་ཡོདཔ་ཨིན་པས།
སྦིས་གཤོང་འབྲིང་རིམ་སློབ་གྲྭ་བར་མའི་ སློབ་ཕྲུག་ཚུ་གིས་ འབྲོང་གྱིམ་ཙེའི་ བྱུང་ཚུལ་གྱི་སྐོར་ལས་ མི་མང་ལུ་འཁྲབ་སྟོན་ཅིག་ སྟོན་པའི་བསྒང་།


ཨིན་རུང་ གྲངས་རྩིས་དེ་ བརྟན་ཏོག་ཏོ་མེད་ཟེར་ གླིང་ཁའི་འགོ་དཔོན་ ཕུན་ཚོགས་ཀྱིས་ སླབ་ཡོདཔ་ད་ དེ་ཡང་ སེམས་ཅན་དེ་ས་གནས་གཅིག་ལས་གཅིག་ནང་ གནས་སྤོ་འགྱོ་ཡི་ར་ སྡོད་མི་ཅིག་འབད་ནི་དེ་གིས་ གྱངས་ཁ་ངེས་ཏིག་ རྐྱབ་མི་ཚུགས་པས་ཟེར་ཨིན་པས།
རྒྱལ་ཁབ་ནང་ རྒྱལ་ཡོངས་ཀྱི་སེམས་ཅན་ ཉམས་སྲུང་འབད་ཚུགས་མི་དེ་ཡང་ རི་དྭགས་སེམས་ཅན་ཉམས་སྲུང་གི་སྲིད་བྱུས་ ལེགས་ཤོམ་ཡོད་པའི་ཁར་ སེམས་ཅན་འཁྱམས་སའི་ ས་ཁོངས་ཚུ་ནང་སྡོད་མི་ཚུ་གིས་ སེམས་ཅན་ཚུ་ལུ་ གནོད་སྐྱོན་མ་རྐྱབ་མི་ལུ་བརྟེན་ཨིན་ཟེར་ ཕུན་ཚོགས་ཀྱིས་ སླབ་ཨིན་པས།
རྒྱལ་ཡོངས་ཀྱི་སེམས་ཅན་ ཉམས་སྲུང་གི་དོན་ལུ་ གཞུང་གིས་ ལས་རིམ་ལེ་ཤ་ཅིག་ར་ འགོ་འདྲེན་འཐབ་མིའི་གྲས་ལས་གཅིག་ སྤྱི་ཟླ་༢ པའི་ཚེས་༢༡ ལུ་ མགར་ས་རྫོང་ཁག་ དགོན་དམ་སྦྱིས་ལུ་ ལོ་བསྟར་འབྲོང་གྱིམ་ཙེའི་ཉིནམ་ བརྩི་སྲུང་འབད་མི་དེ་ཨིནམ་ད་ དེའི་དམིགས་ཡུལ་གཙོ་བོ་ར་ ས་གནས་ཀྱི་མི་ཚུ་གིས་ སེམས་ཅན་ཉམས་སྲུང་འབད་དགོ་པའི་ གནད་དོན་ཚུ་ གོ་བ་བརྡ་སྤྲོད་འབད་ནིའི་དོན་ལུ་ཨིན་པས།
མགར་ས་དེ་ རྒྱལ་ཁབ་ནང་ འབྲོང་གྱིམ་ཙེ་འཁྱམས་སའི་ས་ཁོངས་ སྦོམ་ཤོས་ཅིག་ཨིནམ་ལས་ དེ་ཁར་སྡོད་མི་ མི་སེར་ཚུ་གིས་ སེམས་ཅན་ཚུ་ལུ་ གནོད་སྐྱོན་མ་རྐྱབ་པར་ ལེགས་ཤོམ་སྦེ་ ཉམས་སྲུང་འབད་དགོཔ་ཁག་ཆེ་ནི་དེ་གིས་ ཉིནམ་བརྩི་སྲུང་གི་ལས་རིམ་དེ་ ཁོང་གི་དོན་ལུ་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།
དེ་མ་ཚད་ དུས་སྟོན་ལུ་བརྟེན་ མི་སྡེའི་ནང་ ལྟ་བཤལ་གོང་འཕེལ་གཏང་ནི་ལུ་ཡང་ ཁེ་ཕན་ཡོད་ཟེར་ གླིང་ཁའི་ལས་འགུལ་འཛིན་སྐྱོང་པ་ ལྷུན་གྲུབ་མཐར་ཆེན་གྱིས་ སླབ་ཡོདཔ་ད་ དེ་ཡང་ གནམ་དགུན་ལུ་ ཕྱིའི་ལྟ་བཤལཔ་ མ་འོང་པའི་དུས་ཚོད་ནང་ ཉིནམ་བརྩི་སྲུང་གི་ཐོག་ལས་ ཕྱི་མི་ཚུ་ འོང་ནིའི་སེམས་ཤུགས་བསྐྱེད་བཅུག་སྟེ་ མི་སྡེའི་དཔལ་འབྱོར་གོང་འཕེལ་ གཏང་ནི་ལུ་ཕན་པ་ཡོད་ཟེར་ཨིན་པས།
ལོ་བསྟར་འབྲོང་གྱིམ་ཙེའི་ཉིནམ་ བརྩི་སྲུང་དེ་ དུས་ཅི་འབདཝ་ད་ ཐེངས་༣ པ་ཨིནམ་ད་ ཉིནམ་བརྩི་སྲུང་གི་དོན་ལུ་ འབྲུག་ལྟ་བཤལ་ཚོགས་སྡེ་གིས་ དངུལ་ཀྲམ་འབུམ་༣ ཟད་འགྲོ་བཏང་ཡོདཔ་ད་ ན་ཧིང་འབད་བ་ཅིན་ ཚོགས་སྡེ་གིས་ དངུལ་ཀྲམ་ས་ཡ་༢.༧ གྲོགས་རམ་འབད་ཡོདཔ་ཨིན་པས།
ཚོགས་སྡེའི་ ལྟ་བཤལ་འགོ་དཔོན་ལས་རོགསཔ་ ཀརྨ་འཇིགས་མེད་ཀྱིས་ སླབ་མིའི་ནང་ ཁོང་གི་ཧོངས་ལས་ མ་དངུལ་གྱི་གྲོགས་རམ་འབད་མི་དེ་ཡང་ འབྲོང་གྱིམ་ཙེ་དེ་ རྒྱལ་ཡོངས་ཀྱི་སེམས་ཅན་ཨིནམ་ འབྲུག་མི་ག་ར་གིས་ ལེགས་ཤོམ་སྦེ་ ཤེས་བཅུག་ནི་དང་ གྲོང་མིའི་གནས་ཚད་ ཡར་དྲག་གཏང་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
ད་ལྟོ་འབད་བ་ཅིན་ ཉིནམ་བརྩི་སྲུང་དེ་ ཚོགས་སྡེ་གིས་ རྒྱབ་སྐྱོར་འབད་དོ་ཡོདཔ་ཨིན་རུང་ ཤུལ་ལས་ དེ་བཟུམ་གྱི་ལས་རིམ་དེ་ མི་སེར་ཁོང་ར་གིས་ འགོ་འདྲེན་འཐབ་ཚུགསཔ་བཟོ་ནིའི་དོན་ལུ་ ལྕོགས་གྲུབ་གོང་འཕེལ་བཏང་དོ་ཟེར་ཨིན་པས།
ཉིནམ་བརྩི་སྲུང་དེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ འཁྲུངས་སྐར་དུས་སྟོན་གྱི་ཉིནམ་དང་འབྲེལ་ དམ་སྦྱིས་ལུ་ཡོད་པའི་ སྦིས་གཤོང་འབྲིང་རིམ་སློབ་གྲྭ་བར་མའི་ནང་ འགོ་འདྲེན་འཐབ་པའི་སྐབས་ སློབ་ཕྲུག་ཚུ་གིས་ འབྲོང་གྱིམ་ཙེའི་ བྱུང་ཚུལ་གྱི་སྐོར་ལས་ འཁྲབ་སྟོན་གྱི་ཐོག་ལུ་ མི་མང་ལུ་གོ་བ་བརྡ་སྤྲོད་འབད་ཡོདཔ་ད་ དེ་ཡང་ སེམས་ཅན་དེ་ ཧེ་མ་ བླམ་འབྲུག་པ་ཀུན་ལེགས་ཀྱིས་ ཁོ་རའི་ རྗེས་འཇུག་ཚུ་ལུ་ གྲུབ་རྟགས་སྟོན་མི་ལས་བྱུང་བའི་ ལོ་རྒྱུས་ཚུ་ཡང་ བཤད་བྱིན་ཡོདཔ་ཨིན་པས།
འབྲོང་གྱིམ་ཙེ་དེ་ འཛམ་གླིང་ནང་ དཀོན་དྲགས་ཅན་གྱི་ སེམས་ཅན་ཅིག་ཨིནམ་ད་ དེ་ཡང་ རྒྱ་ནག་དང་ བར་མ་རྒྱལ་ཁབ་ཚུ་ནང་འབད་བ་ཅིན་ ཤའི་དོན་ལུ་ ལག་ལེན་འཐབ་ནི་དེ་གིས་ ཉམས་འགྱོ་དོ་ཡོདཔ་ཨིན་རུང་ འབྲུག་ལུ་འབད་བ་ཅིན་ མ་ཉམས་པར་ཡོདཔ་ཨིན་པས།
སེམས་ཅན་དེ་ གནམ་བྱཱར་ས་ཁ་མཐོ་སར་ འཁྱམས་སྡོད་དོ་ཡོདཔ་ཨིན་རུང་ དགུན་གྱི་དུས་ཚོད་འ་ནེམ་ཅིག་ཁར་ ས་ཁ་དམའ་ས་ དགོན་དམ་སྦྱིས་དང་ སྤུ་ན་ཁ་ ཁ་སྟོད་ཀྱི་ས་ཁོངས་ཚུ་ནང་ མཐོང་དོ་ཡོདཔ་ཨིན་པའི་གནས་ཚུལ།

མགར་ས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment

Post a Comment