གསར་བསྒྲུབས་འབད་མི་ གྲྭ་ཤག་བསྡོམས་༥ ཡོད་མི་ཚུ་ནང་ དགེ་སློང་༡༠༠ ལྷགཔ་ཅིག་ ཤོང་ཚུགས་ནི་ཨིན་པས།
![]() |
སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ གྲྭ་ཤག་གསར་བསྒྲུབས་འབད་མི་ལུ་ རབ་གནས་གནང་པའི་བསྒང་། |
དེ་དང་གཅིག་ཁར་ དབུ་འཛིན་དང་ སློབ་དཔོན་ཚུ་སྡོད་སའི་ཁྱིམ་དང་ དགེ་སློང་༡༠༠ ལྷགཔ་ཅིག་ཤོང་མི་ བཟའ་ཁང་དང་ ཐབ་ཚང་༢ དེ་ལས་ མཛོད་ཁང་ཚུ་ཡང་ བཀྲིས་རབ་གནས་གནང་ཡི།
གྲྭ་ཤག་ཚུ་བཟོ་སྐྲུན་འབད་ནིའི་དོན་ལུ་ འབྲུག་གཞུང་གིས་ དངུལ་ཀྲམ་ས་ཡ་༢༤ དེ་ཅིག་ ཟད་འགྲོ་བཏང་ཡོདཔ་ཨིན་པས།
ཐོག་ཚད་༡ འབད་མི་ གྲྭ་ཤག་དང་ཁྱིམ་ཚུ་ རྟ་ལོག་དགོན་པའི་ལྷ་ཁང་གི་ གཡས་ཁ་ཐུག་ལུ་ རྐྱབ་ཡོདཔ་ད་ དེ་ནང་ ས་ཆའི་དབྱིབས་དེ་ གྱེན་ལུ་འབད་ནི་དེ་གིས་ མ་དངུལ་མང་ཤོས་ཅིག་ རྩིགཔ་རྐྱབ་ནིའི་ནང་ ཟད་འགྲོ་གཏང་དགོཔ་ཐོན་ཡི་ཟེར་ བཟོ་རིག་འགོ་དཔོན་ལས་རོགཔ་ བཀྲིས་ནོར་བུ་གིས་ སླབ་ཨིན་པས།
གྲྭ་ཤག་རྐྱབ་ནིའི་ལཱ་དེ་ སྤྱི་ལོ་༢༠༡༡ ལས་ འགོ་བཙུགས་ཡོདཔ་ད་ དེ་ཡང་ བཤད་གྲྭའི་དགེ་སློང་ཚུ་ སྡོད་ས་མེད་པའི་དཀའ་ངལ་ཐོན་མི་ལུ་ མི་དབང་འབྲུག་རྒྱལ་༤ པ་མཆོག་གིས་གཟིགས་ཏེ་ གྲྭ་ཤག་དེ་ མི་དབང་མཆོག་གིས་ བཀའ་རྒྱ་གནང་མི་དང་འཁྲིལ་ རྐྱབ་ཅི་ཟེར་ རྟ་ལོག་བཤད་གྲྭའི་དབུ་འཛིན་ སྤྲུལ་སྐུ་འཕྲིན་ལས་ལྷུན་གྲུབ་ཀྱིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ དགེ་སློང་ཚུ་ ལྷ་ཁང་གི་ གདོང་ཁར་ཡོད་པའི་ ཁང་མིག་ཚུ་ནང་སྡོད་པའི་སྐབས་ དགེ་སློང་༢ ཤོང་མི་ཁང་མིག་༡ ནང་ དགེ་སློང་༧ དེ་ཅིག་ སྡོད་དགོ་པའི་དཀའ་ངལ་བྱུང་མི་ཚུ་ བསལ་ཚུགས་ནི་དེ་གིས་ སེམས་དགའ་ཡི་ཟེར་ཨིན་པས།
དེ་བསྒང་ ཁང་མིག་ལངམ་སྦེ་ མེད་ནི་དེ་གིས་ ཁང་མིག་༡ ནང་ ཉལ་ས་དང་ བཞེས་སྒོ་བཟའ་ས་ དེ་ལས་ དཔེ་ཆ་ལྷབ་ས་ག་ར་ གཅིག་ཁར་ཨིན་རུང་ ད་རེས་འབདཝ་ད་ དེ་ཚུ་ སོ་སོར་སྦེ་ དབྱེ་ཚུགས་མི་ལུ་བརྟེན་ དགེ་སློང་ཚུ་ དཔེ་ཆ་ལེགས་ཤོམ་སྦེ་ ལྷབ་ཚུགས་ནི་ཨིན་པའི་ཁར་ གཙང་སྦྲ་ལུ་ཡང་ གནས་ཚུགས་ནི་མས་ཟེར་ཨིན་པས།
ཁང་མིག་རྙིངམ་ཚུ་ ལོ་༡༡ དེ་ཅིག་གི་ཧེ་མར་ རྟ་ལོག་དགོན་པ་ལུ་ བཤད་གྲྭ་འགོ་བཙུགས་པའི་སྐབས་ལས་ར་ཡོདཔ་ད་ དེ་བསྒང་ དགེ་སློང་༢༥ དེ་ཅིག་ལས་མེད་རུང་ ད་རེས་ དགེ་སློང་༡༠༠ ལྷགཔ་ཅིག་ལུ་ ཡར་སེང་སོང་ནི་དེ་གིས་ གྲྭ་ཤག་མེད་པའི་ དཀའ་ངལ་ཐོན་ནུག།
རྟ་ལོག་དགོན་པ་དེ་ རྒྱལ་ཁབ་ནང་ དགོན་ཚུ་གི་གྲས་ལས་ བྱིན་ཅན་ཅིག་ཨིནམ་ད་ དེ་ཡང་ སྤྱི་ལོ་༡༧༠༨ ལུ་ དགོན་པ་དེ་ ཞབས་དྲུང་ཐུགས་སྤྲུལ་༣ པ་ འཇིགས་མེད་གྲགས་པ་གིས་ གདན་ས་ཕྱག་བཏབ་གནང་པའི་ཤུལ་ལས་ ཞབས་དྲུང་ཐུགས་སྤྲུལ་རིམ་བྱོན་ཚུ་ བཞུགས་པའི་གནས་ ཁྱད་པར་ཅན་ཅིག་ཨིནམ་ད་ དགོན་པ་དེ་ སྤྱི་ལོ་༡༧༠༧ ལུ་ རྒྱལ་སྲས་སྤྲུལ་སྐུ་ འཇིགས་མེད་སེངྒེ་གིས་ བཞེངས་ཡོདཔ་ཨིན་པས།
དགོན་པ་དེ་ནང་ ནང་རྟེན་རྩ་ཅན་ ལེ་ཤ་ཡོད་མིའི་ནང་ལས་ ཞབས་དྲུང་ཐུགས་སྤྲུལ་འཇིགས་མེད་གྲགས་པ་དང་ ཞབས་དྲུང་ཐུགས་སྤྲུལ་༤ པ་ འཇིགས་མེད་གྲགས་པ་རྣམ་༢ ཀྱི་ དམར་གདུང་ཚུ་ ཡོདཔ་མ་ཚད་ ཞབས་དྲུང་ཐུགས་སྤྲུལ་༦ པ་ འཇིགས་མེད་རྡོ་རྗེ་གི་ གཟིམ་ཁང་དང་ ཁོ་རའི་ ཡབ་ཡུམ་༢ ཀྱི་ སྐུ་གདུང་མཆོད་རྟེན་ཚུ་ཡང་ ཡོདཔ་ཨིན་པའི་གནས་ཚུལ།
སྤུ་ན་ཁ་ལས་ བསྟན་འཛིན་རྣམ་རྒྱལ།
No comments:
Post a Comment