གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རེས་གཟའ་ཕུར་བུ་ལས་ སྤྱི་ཚོགས་ལྷན་བཞུགས་འགོ་བཙུགས་ནི།

༢༥/༢/༢༠༡༣   འབྲུག་གི་སྤྱི་ཚོགས་འཐུས་མིའི་ ཐོབ་ཐངས་བཅའ་ཁྲིམས་ ད་རིས་ཀྱི་ ཚོགས་ཐེངས་ནང་ བསྒྱུར་བཅོས་རྐྱབ་ནི་གི་ འོས་འབབ་མེདཔ།
༉ སྤྱི་ཚོགས་དང་པའི་མཐའན་མཇུག་གི་ ཚོགས་ཐེངས་༡༠ པ་འདི་ ད་ལྟོ་ འཚོགས་གནང་པའི་བསྒང་ཡོདཔ་བཞིན་དུ་ ད་རིས་ རྒྱལ་ཡོངས་ཚོགས་འདུ་གིས་ འབྲུག་གི་ལམ་གྱི་དཔྱད་ཡིག་༢༠༡༢ ཅན་མ་དང་ ནངས་པ་ འབྲུག་གི་ནང་འཁོད་རྩུབ་སྤྱོད་བཀག་སྡོམ་དཔྱད་ཡིག་༢༠༡༢ ཅན་མའི་གུ་ གྲོས་བསྡུར་ཡང་བསྐྱར་གནང་ཐོག་ལས་ ཆ་འཇོག་འགྲུབ་ནི་ཨིན་པས།


དེ་བཟུམ་སྦེ་ ད་རིས་ རྒྱལ་ཡོངས་ཚོགས་སྡེ་གིས་ རྒྱལ་ཁབ་ནང་ རྒྱ་གར་གྱི་ཏི་རུ་ རུ་པི་མ་ལང་པའི་ སྙན་ཞུ་དང་ རྒྱལ་ཡོངས་ཚོགས་འདུ་ལས་བཏང་མི་ འབྲུག་གི་འགན་འཛིན་དཔྱད་ཡིག་༢༠༡༢ མ་དང་ འབྲུག་གི་གདམ་ཁ་ཅན་གྱི་ འཁོན་འདུམ་དཔྱད་ཡིག་༢༠༡༢ ཅན་མ་གཉིས་ ཆ་འཇོག་འགྲུབ་ནིའི་དོན་ལུ་ གྲོས་བསྡུར་ཡང་བསྐྱར་གནང་ནི་ཨིན་པས།
ནངས་པ་ རྒྱལ་ཡོངས་ཚོགས་སྡེ་གིས་ གྲོས་ཆོད་ཚུ་ལུ་ རྒྱབ་སྣོན་ཆ་འཇོག་གནང་པའི་ཤུལ་ལུ་ ཚོགས་སྡེའི་མཐའན་མཇུག་གི་ ཚོགས་ཐེངས་༡༠ པ་ འཐུས་མི་ཚུ་གིས་ འབྲུག་རྒྱལ་པོ་མཆོག་ལུ་ བཀྲིན་དགའ་ཚོར་དང་ བཀྲིས་སྨོན་ལམ་ཞུ་ཐོག་ལས་ མཇུག་བསྡུ་ནི་ཨིན་པས།
དེ་ལས་ རྒྱལ་ཡོངས་ཚོགས་འདུ་དང་ རྒྱལ་ཡོངས་ཚོགས་སྡེའི་ སྤྱི་ཚོགས་ལྷན་བཞུགས་དེ་ རེས་གཟའ་ཕུར་བུ་ལས་ ཚོགས་ཐེངས་༩ པའི་ནང་ གྲོས་འཆམ་བྱུང་མ་ཚུགས་མི་ འབྲུག་གི་རྐྱེན་ངན་འཛིན་སྐྱོང་གི་ དཔྱད་ཡིག་༢༠༡༡ ཅན་མ་གུ་ གསུང་གྲོས་གནང་སྟེ་ ཆ་འཇོག་འགྲུབ་གནང་ནི་ཨིན་པས།
སྤྱི་ཟླ་༣ པའི་ཚེས་༤ ལུ་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ གཞུང་གི་འདས་པའི་ལོ་ལྔའི་གྲུབ་འབྲས་སྙན་ཞུ་ སྤྱི་ཚོགས་ནང་ ཕུལ་ནི་ཨིན་པས།
དེ་འབདཝ་ད་ འབྲུག་གི་སྤྱི་ཚོགས་འཐུས་མིའི་ཐོབ་ཐངས་བཅའ་ཁྲིམས་དེ་ བྱ་སྒོའི་ལམ་ལུགས་དང་འཁྲིལཝ་ད་ ད་རེས་ཀྱི་ ཚོགས་ཐེངས་ནང་ འཕྲི་སྣོན་མཛད་ནི་གི་ འོས་འབབ་མེདཔ་བཟུམ་ཅིག་ ཡོདཔ་ཨིན་པས།
གཞུང་གིས་ སྤྱི་ཚོགས་དེ་ མི་མང་གི་ མཐའ་དོན་ལུ་ གནས་ཡུན་ལོ་༥ མ་ཚངམ་ལས་ ཧ་སུ་ཅིག་སྦེ་ རྩ་གྲོལ་གཏང་ནི་གི་ གྲོས་འཆར་ཕུལ་མི་དང་འབྲེལ་ སྤྱི་ཚོགས་འཐུས་མིའི་ཐོབ་ཐངས་བཅའ་ཁྲིམས་ཡང་ བསྒྱུར་བཅོས་འབད་དགོཔ་སྦེ་ བཀོད་མི་དེ་ཡང་ ཐོབ་ཐངས་བཅའ་ཁྲིམས་དང་འཁྲིལཝ་ད་ འཐུས་མི་ཚུ་ དགོངས་ཞུའི་གསོལ་རས་ འཐོབ་དགོ་པ་ཅིན་ གནས་ཡུན་ལོ་ལྔ་ཚང་དགོཔ་ད་ དེ་མིན་ ཐོབ་ལམ་མེདཔ་ཨིན་པས།
གལ་སྲིད་ བཅའ་ཁྲིམས་དེ་ བསྒྱུར་བཅོས་མེད་པར་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་ གནས་ཡུན་མ་ཚངམ་ལས་ དགོངས་ཞུ་འབད་དགོ་པ་ཅིན་ དགོངས་ཞུའི་གསོལ་རས་ དངུལ་ཀྲམ་འབུམ་༦ དེ་ཅིག་ གྱོང་རྒུད་འབག་དགོཔ་བཞིན་དུ་ རྒྱལ་ཡོངས་ཚོགས་སྡེའི་ ཐད་ལུ་ལྷོདཔ་ད་ གོ་གནས་ཐོག་ལུ་ ནན་བསྐྱར་དུ་ བཙག་འཐུའི་ནང་ དོ་འགྲན་འབད་ཆོག་པའི་ མངོན་མཐོ་ཁྲིམས་འདུན་ལས་ ཁྲིམས་ཀྱི་གོ་དོན་འགྲེལ་བཤད་གནང་ནིའི་དོན་ལུ་ བསྒུགཔ་ཨིན་པས།
ཁྲིམས་དོན་མཁས་པ་ཚུ་གིས་ སླབ་མིའི་ནང་ གལ་སྲིད་ རྒྱལ་ཡོངས་ཚོགས་འདུ་གིས་ སྤྱི་ཚོགས་འཐུས་མིའི་ཐོབ་ཐངས་བཅའ་ཁྲིམས་དེ་ འཕྲི་སྣོན་གྱི་དོན་ལུ་ མཁོ་གལ་ཅན་གྱི་ དཔྱད་ཡིག་སྦེ་ བཙུགས་ཏེ་འབད་རུང་ དངམ་གཅིག་ལུ་ འབྲུག་མངའ་བདག་རྒྱལ་པོ་ལས་ བཀའ་གནང་བ་ཞུ་ཞིནམ་ལས་རྐྱངམ་གཅིག་ གྲོས་བསྡུར་འབད་དེ་ ཐག་བཅད་དགོཔ་མ་ཚད་ གཉིས་པ་འབདཝ་ད་ རྒྱབ་སྣོན་ཆ་འཇོག་གི་དོན་ལུ་ རྒྱལ་ཡོངས་ཚོགས་སྡེ་ནང་ གཏང་དགོཔ་ད་ གསུམ་པ་ལུ་ རྒྱལ་ཡོངས་ཚོགས་སྡེ་གིས་ ཆ་འཇོག་གྲུབ་སྟེ་འབད་རུང་ དཔྱད་ཡིག་དེ་ བཀའ་གྲོལ་གྱི་དོན་ལུ་ འབྲུག་རྒྱལ་པོ་མཆོག་ལུ་ ཕུལ་དགོཔ་ལས་ དུས་ཚོད་ཀྱི་ སྟབས་མ་བདེཝ་སྦོམ་ཡོདཔ་ཨིན་པས།
ད་རུང་ ལྟ་རྟོག་པ་ཚུ་གིས་ སླབ་མིའི་ནང་ བཅའ་ཁྲིམས་དེ་ འགོ་ཐོག་སྐབས་ རྒྱལ་ཡོངས་ཚོགས་སྡེ་གིས་ བསྒྱུར་བཅོས་རྐྱབ་དགོ་པའི་ གྲོས་འཆར་ཕུལ་མི་ལུ་ ཚོགས་ཐེངས་༩ པའི་ནང་ རྒྱལ་ཡོངས་ཚོགས་འདུ་གིས་ ཕྱིར་འབུད་བཏང་མི་ལུ་བརྟེན་ ད་རིས་ རྒྱལ་ཡོངས་ཚོགས་སྡེ་གིས་ རྒྱབ་སྐྱོར་མི་འབད་ནི་བཟུམ་ཅིག་འདུག་ཟེར་ཨིན་པས།
ཁྲིམས་དོན་མཁས་པ་ཚུ་གིས་འབད་བ་ཅིན་ སྤྱི་ཚོགས་ཀྱི་ གནས་ཡུན་ན་འཐན་ཚང་རན་ཁར་ལྷོདཔ་ད་ ཐོབ་ཐངས་བཅའ་ཁྲིམས་བསྒྱུར་བཅོས་གཏང་ནི་གི་ གྲོས་འཆར་ཕུལ་མི་དེ་ འཛོལ་བ་ཨིནམ་ལས་ དེ་གིས་ ཚོགས་པ་ལུ་ གནོད་པ་མ་གཏོགས་ ཕན་ཁྱད་མི་འབྱུང་ཟེར་ཨིན་པས།
དམངས་གཙོའི་བྱ་རིམ་ཐོག་ བཙག་འཐུ་གྲུབ་མི་ སྤྱི་ཚོགས་དང་པའི་ ཚོགས་ཐེངས་༡༠ པ་དེ་ སྤྱི་ཟླ་༣ པའི་ཚེས་༦ ལུ་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

No comments:

Post a Comment