![]() |
བི་ཀེ་དགའ་ལེགས་ |
དེ་ཡང་ སྐྱེས་ལོ་༤༦ ལང་མི་ བི་ཀེ་ དགའ་ལེགས་ཀྱིས་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུའི་ནང་ བཅའ་མར་གཏོགས་ནི་གི་དོན་ལུ་ བསམ་རྩེ་རྫོང་ཁག་ལས་ འདེམས་ངོ་སྦེ་ ཐོན་མི་དེ་ ཨང་༣ པ་ཨིནམ་ད་ འདེམས་ངོ་དང་པ་དེ་ རྡོ་རོ་ཁ་- རྟ་སྡིངས་འདེམས་ཁོངས་ནང་ལས་ སྐྱེས་ལོ་༤༥ ལང་མི་ ཅ་ཏ་ར་པ་ཏི་ ཕུ་ཡེལ་ཟེར་མི་དེ་ ལོག་ཐོན་ཡོདཔ་ད་ ཕུ་ཡེལ་གྱིས་ སྤྱི་ལོ་༢༠༠༧ ལུ་ རྒྱལ་ཡོངས་ཚོགས་སྡེའི་ སྡོད་ཁྲིའི་དོན་ལུ་ དོ་འགྲན་འབད་ཡོད་རུང་ བཙག་འཐུ་གྲུབ་མ་ཚུགསཔ་ཨིན་པས།
འདེམས་ངོ་༢ པ་དེ་ བསམ་རྩེའི་སྤྱི་མི་བགྲེསཔ་ སངས་རྒྱས་མཁའ་འགྲོ་ཐོན་ཡོདཔ་ཨིན་པས།
བི་ཀེ་ དགའ་ལེགས་ཀྱིས་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུའི་ནང་ བཅའ་མར་གཏོགས་ནི་གི་ མནོ་བསམ་ཡོད་པའི་སྐོར་ དང་པ་ར་ སྤྱི་ལོ་༢༠༡༢ ཟླཝ་༡༢ པའི་ནང་ ཁོ་རའི་གཡུས་ཚན་ནང་ སོང་བའི་སྐབས་ བཟའ་ཚང་དང་ ཆ་རོགས་རྒན་ཤོས་ཚུ་ལུ་ སླབ་ཡོདཔ་ཨིན་པས།
ཁོ་གིས་ ཤེས་རིག་ལྷན་ཁག་ནང་ ལོ་ངོ་༢༨ ཀྱི་རིང་ ཕྱག་ཞུ་མི་ལས་ ལོ་༢༥ རྒྱལ་ཁབ་ཀྱི་ ཤར་ནུབ་ལས་འགོ་བཙུགས་ མཐའ་ཟུར་གྱི་ སློབ་གྲྭ་ཚུ་ནང་ དབུ་འཛིན་སྦེ་ སྡོད་མི་ལུ་བརྟེན་ འབྲེལ་ཡོད་མི་སྡེ་ཚུ་དང་ ཁོ་རའི་ ཉམས་མྱོང་ བརྗེ་སོར་འབད་ནི་གི་ གོ་སྐབས་ལེགས་ཤོམ་ཅིག་ཨིནམ་སྦེ་ སླབ་ཨིན་པས།
ང་སློབ་དཔོན་སྦེ་ མཐའ་ཟུར་གྱི་ ས་གནས་ཚུ་ནང་ སྡོད་པའི་སྐབས་ལུ་ མི་སྡེ་འདྲ་མིན་སྣ་ཚོགས་དང་ ཕྱད་ཡོདཔ་མ་ཚད་ ཁོང་གི་ དཀའ་ངལ་ཚུ་ཡང་ ཧ་གོ་ཡོདཔ་ལས་ ངེ་གི་ རྫོང་ཁག་ནང་ མི་སྡེ་ལུ་ ཞབས་ཏོག་སྒྲུབ་ནི་སྦེ་ ཐག་བཏོག་ཡི་ཟེར་ བི་ཀེ་དགའ་ལེགས་ཀྱིས་ བཤདཔ་ཨིན་པས།
བི་ཀེ་ དགའ་ལེགས་དེ་ ཧེ་མ་ བི་རུ་ཟེར་སླབ་མི་ པདྨ་གླིང་རྒེད་འོག་ ཕུ་སིལ་སྒང་ལས་ཨིནམ་བཞིན་དུ་ ཁོ་གིས་ རྒྱ་གར་ཨཱན་ད་ར་པར་དེཤ་ཨ་ཅཱ་རི་ཡ་ ན་ག་ཇུ་ན་གཙུག་ལག་སློབ་སྡེ་ལས་ མཐོ་རིམ་གོང་མའི་ཤེས་ཚད་ མཐར་འཁྱོལ་ཡོདཔ་ཨིན་པས།
ཁོ་གིས་ སླབ་མི་དང་འཁྲིལཝ་ད་ ཁོ་གི་བཟའ་ཚང་དང་ ཆ་རོགས་ཚུ་གིས་གཙོས་པའི་ ཁོ་རའི་ རྒེད་འོག་གི་ མི་སེར་ཚུ་གིས་ ཁོ་ལུ་ བཙག་འཐུའི་ནང་ དོ་འགྲན་འབད་དགོ་པའི་ ཨུ་ཚུགས་བསྐྱེད་ཅི་ཟེར་ཨིནམ་ད་ ངེ་གི་ཨའི་ སྐྱེས་ལོ་༨༢ ལང་མི་གིས་ ང་རའི་གྲོས་ཆོད་ལུ་ རྒྱབ་སྐྱོར་སྒྲིང་སྒྲིང་འབད་མི་ལུ་བརྟེན་ ལྷག་པར་དུ་ རྒྱལ་ཡོངས་ཚོགས་སྡེ་ལུ་ སྤྲོ་བ་བྱུང་ཡི་ཟེར་ བི་ཀེ་ དགའ་ལེགས་ཀྱིས་ བཤདཔ་ཡོད་པའི་གནས་ཚུལ།
རྩོམ་འབྲི་ལས་བྱེདཔ།
No comments:
Post a Comment