གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མེ་རག་དང་ སག་སྟེང་གི་ མི་སེར་ཚུ་ལུ་ འཁོར་ལམ་གྱིས་ཕན་ཁྱད།

༢༥/༢/༢༠༡༣   དེ་འབདཝ་ད་ ར་སྡི་དང་ ཕོངས་མེད་ལུ་ཡོད་མི་ ཚོང་ཁང་ཚུ་ནང་ ཚོང་འབྲེལ་མར་བབས།
༉ སྤྱི་ལོ་༢༠༡༡ ལས་ བཀྲིས་སྒང་གི་ བྱང་ཕྱོགས་མཐའ་ཟུར་ས་གནས་ མེ་རག་དང་ སག་སྟེང་རྒེད་འོག་གཉིས་ནང་ འཁོར་ལམ་སེལ་ནི་ འགོ་བཙུགས་ཞིནམ་ལས་ཚུར་ ར་ལྡི་དང་ ཕོངས་མེད་རྒེད་འོག་ མཁར་དུང་ལུ་ཡོད་མི་ ཚོང་ཁང་ཚུ་ནང་ ཚོང་འབྲེལ་མར་འབབ་འགྱོ་བའི་ མཐོང་གསལ་བྱུངམ་ཨིན་པས།
ད་རེས་ནངས་པ་ འབྱོགཔ་ཚུ་ ཕོངས་མེད་ལུ་ མ་འགྱོ་བར་ བྱོན་མཁར་གྱི་ས་གནས་ ཡོང་བཱ་ཟོར་ལུ་ ལམ་གྱི་ཟུར་ཁར་ཡོད་མི་ ཚོང་ཁང་ཅིག་ནང་ལས་ ཉོ་ཚོང་རྐྱབ་སྟེ་ སག་སྟེང་ལུ་ ལོག་འགྱོ་བའི་བསྒང་།


དེ་ཡང་ ཧེ་མ་འབད་བ་ཅིན་ མེ་རག་དང་ སག་སྟེང་གི་འབྱོགཔ་ཚུ་ ཉེར་མཁོའི་ཅ་ཆས་ དཔེར་ན་ ཆུམ་དང་ ཚྭ་ མར་ཁུ་ བཟའ་ཆས་ཚུ་ ཉོ་ཚོང་རྐྱབ་པར་ ཕོངས་མེད་དང་ མཁར་དུང་གི་ ཚོང་ཁང་ཚུ་ནང་ འགྱོ་ནི་ཡོདཔ་ཨིན་པས།
མཁར་དུང་དེ་ ར་ལྡི་ལས་ ལམ་ཀི་ལོ་མི་ཊར་༦ དེ་ཅིག་གི་ས་ཁར་ཡོད་མི་ གཡུས་ཚན་ཆུང་ཀུ་ཅིག་ལུ་ སླབ་དོ་ཡོདཔ་ད་ མེ་རག་གི་ མི་སེར་ཚུ་གིས་ མཁར་དུང་ལས་ བཟའ་་ཆས་ཚུ་ ཉོ་ཚོང་རྐྱབ་སྲོལ་ཡོདཔ་ད་ སག་སྟེང་གི་ མི་སེར་ཚུ་ མཁར་དུང་ལས་ ཁ་ཡར་བལྟ་སྟེ་ ཀི་ལོ་མི་ཊར་༢ དེ་ཅིག་ ལམ་འགྱོ་དགོ་པའི་ས་གནས་ ཕོངས་མེད་ལས་ ཉོ་ཚོང་རྐྱབ་ཨིན་པས།
དེ་འབདཝ་ད་ མེ་རག་དང་ སག་སྟེང་གི་ས་གནས་ བྱོན་མཁར་ལུ་ ལམ་བསལ་མི་ལུ་བརྟེན་ མེ་རག་འཇིགས་མེད་གླིང་ལུ་ ཚོང་ཁང་ཚུ་ སྒོ་ཕྱེས་ཡོདཔ་མ་ཚད་ སག་སྟེང་བྱོན་མཁར་ལུ་ འགྱོ་སའི་ས་གནས་ ཡོང་བཱ་ཟོར་ལུ་ ཚོང་ཁང་ལེ་ཤ་ཅིག་ར་ བཙུགས་ནི་དེ་གིས་ ཧེ་མའི་ཚོང་འབྲེལ་འཐབ་སའི་ ཚོང་ཁང་ཚུ་ནང་ ཉོ་ཚོང་རྐྱབ་མི་ མར་བབབ་སོང་ནུག།
འཁོར་ལམ་བཏོན་ནི་ འགོ་བཙུགས་ཞིནམ་ལས་ཚུར་ ངེ་གི་ཚོང་ཁང་ནང་ལས་ ཉོ་ཚོང་རྐྱབ་མི་ མར་བབས་ཤུགས་སྦེ་ར་ ཡར་སོ་ཡི་ཟེར་ ཕོངས་མེད་ཀྱི་ཚོང་པ་ སྒྲོལ་མ་མཚོ་མོ་གིས་ སླབ་པའི་ཁར་ རེ་ཚེ་སྐབས་ སག་སྟེང་ལས་ འབྱོགཔ་ཕུད་རྡོག་གཅིག་ཡང་ འོང་སར་མི་མཐོང་མས་ཟེར་ སླབ་ཨིན་པས།
བྱོན་མཁར་དེ་ སག་སྟེང་ལུ་འགྱོ་སའི་ ལམ་ཁར་ཡོད་མི་ སྤྱི་འོག་དང་པ་ཨིནམ་ད་ ས་གནས་དེ་ནང་ ཞིང་ལམ་ཀི་ལོ་མི་ཊར་༩ བཏོན་ཚར་ཡོདཔ་ལས་ ད་རེས་ནངས་པ་ འབྱོགཔ་ཚུ་གིས་ ཉོ་ཚོང་རྐྱབ་པར་ ཐད་ཀར་དུ་ བཀྲིས་སྒང་ལུ་ འགྱོཝ་མ་ཚད་ ལ་ལུ་གིས་ ཡོང་བཱ་ཟོར་གྱི་ ལམ་ཟུར་ཁར་རྐྱབ་མི་ ཚོང་ཁང་ཚུ་ནང་ལས་ ཅ་ཆས་ཚུ་ ཉོ་འབགཔ་མས་ཟེར་ སྒྲོལ་མ་མཚོ་མོ་གིས་ བཤདཔ་ཨིན་པས།
དེ་འབདཝ་ད་ འཁོར་ལམ་དེ་གིས་ བྱོན་མཁར་དང་ སག་སྟེང་གི་ ཚོང་པ་དང་ འབྱོགཔ་ཚུ་ལུ་ ཕན་ཐོགས་སྦོམ་ བྱུང་ཡོདཔ་ད་ ཧེ་མ་བཟུམ་སྦེ་མིན་པར་ ད་རེས་ནངས་པ་ ལམ་ལྷོད་མི་དང་བསྟུན་ ཚོང་ཆས་ཚུ་ཡང་ སྟབས་གཅིག་ཁར་ ལེ་ཤ་འབག་འོང་ཚུགས་པས་ཟེར་ ཡོང་བཱ་ཟོར་ལུ་ ཚོང་ཁང་བཙུགས་མི་ ཕྱག་རྡོར་དབང་འདུས་ཀྱིས་ སླབ་ཨིན་པས།
ད་རིས་འབདཝ་ད་ ང་གིས་ སྣུམ་འཁོར་ཀཱར་ནང་ ཚོང་ཆས་ཊཱན་ཅིག་ལུ་ དོས་གླ་དངུལ་ཀྲམ་༦༠༠ སྦེ་ འབག་འོང་ཚུགས་པས་ཟེར་ ཕྱག་རྡོར་དབང་འདུས་ཀྱིས་ སླབ་པའི་ཁར་ ཧེ་མ་འབད་བ་ཅིན་ ཕོངས་མེད་རྡོར་ཤིང་ལས་ བྱོན་མཁར་ཚུན་ དོས་ཊཱན་༡ (ཀེ་ཇི་༡༠༠༠) འབག་འོངམ་ད་ རྟ་༢༠ དགོཔ་མ་ཚད་ དོས་གླ་ཡང་ དངུལ་ཀྲམ་༦,༠༠༠ དེ་ཅིག་ སྤྲོད་དགོཔ་ཨིན་ཟེར་ སླབ་ཨིན་པས།
འབྱོགཔ་ཚུ་གི་ སྐྱེལ་འདྲེན་གླ་ཆ་ཡང་ དངུལ་ཀྲམ་༡༠༠ དེ་ཅིག་གིས་ ཁེ་དོ་ཡོདཔ་ད་ དོས་གླ་མར་བབས་སོང་མི་ལུ་བརྟེན་ ཁོ་གི་ ཆུམ་དང་ ཚྭ་ མར་ཁུ་ བཟའ་ཆས་གཞན་ཚུ་གི་ གོང་ཚད་ཡང་ མར་ཕབ་རྐྱབ་སྟེ་ཡོད་ཟེར་ ཕྱག་རྡོར་གྱིས་ བཤདཔ་ཨིན་པས།
དེ་མ་ཚད་ འཁོར་ལམ་ལུ་བརྟེན་ ལམ་འགྲུལ་འབད་བའི་ ཉིན་ལམ་ཡང་ ཐུང་ཀུ་བཟོ་ཡོདཔ་ད་ ད་རེས་ནངས་པ་ ཅ་ཆས་ཚུ་དང་གཅིག་ཁར་ ང་གིས་ སག་སྟེང་ལུ་ ཉིནམ་༡ དང་ཕྱེད་ལུ་ ལོག་ལྷོད་ཚུགས་པས་ཟེར་ འབྱོགཔ་དོན་གྲུབ་ཀྱིས་ སླབ་ཨིན་པས།
ཧེ་མ་འབད་བ་ཅིན་ སག་སྟེང་གི་འབྱོགཔ་ཚུ་ ཕོངས་མེད་ལུ་ ཉོ་ཚོང་རྐྱབ་པར་སོང་སྟེ་ ལོག་སག་སྟེང་ལུ་འོངམ་ད་ ཉིན་གྲངས་༣ འགོར་དོ་ཡོདཔ་ཨིན་པས།
ད་རུང་ འཁོར་ལམ་དེ་ མེ་རག་དང་ སག་སྟེང་ཚུན་ བསལ་ནི་གི་ འཆར་གཞི་ཡོདཔ་ལས་ ལྷག་པར་དུ་ ལུང་གཤོང་སྨད་ལུ་ཡོད་མི་ ཚོང་ཁང་ཚུ་ནང་ ཚོང་འབྲེལ་མར་འབབ་འགྱོ་ནི་གི་ འོས་འབབ་ཡོདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment