གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རང་ལུགས་གནམ་ལོ་ཆུ་ཕོ་འབྲུག་ལོའི་ གནས་ཚུལ་གལ་ཅན་གྱི་བཅུད་བསྡུས།

༩/༢/༢༠༡༣   ༉ རང་ལུགས་གནམ་ལོ་ཆུ་ཕོ་འབྲུག་ལོ་འདི་ འབྲུག་མི་ཚུ་གིས་ ནམ་ཡང་བརྗེད་མི་ཚུགས་ནི་ཨིན་མས།
དེ་ཡང་ འདས་པའི་ལོ་ནང་ བྱུང་མི་ཚུ་ལུ་ རྒྱབ་ལོག་བལྟ་བ་ཅིན་ འབྲུག་གི་རྫོང་གཞིས་རྙིང་ཤོས་ མེ་མཆོད་བཞེས་པའི་ཁར་ དཔལ་འབྱོར་གྱི་དཀའ་ངལ་དང་ ལས་འགུལ་ཚུ་ ཞག་དུས་ཚུ་ནང་ བསྒྲུབ་མ་ཚུགསཔ་མ་ཚད་ རྩ་ཁྲིམས་ཅན་གྱི་ གཙུག་སྡེ་ཚུ་གིས་ རང་སོའི་དབང་ཚད་ཚུ་བསྟར་སྤྱོད་ དེ་ལས་ ས་མཚམས་བདའ་སྟེ་ བཙན་ཁྲིད་འབད་མི་ གཅིག་ཤུལ་གཉིས་ཤུལ་ ཐོན་པའི་གུ་ ཚོགས་དཔོན་དང་ ནང་སྲིད་བློན་པོ་༢ ལུ་ དབུ་ཁྲིད་སོ་སོའི་སྐབས་ ཁྲོམ་ས་ཚུལ་མིན་སྒོ་ལས་ བགོ་སྤྲོད་འབད་བའི་ ཉེས་འཛུགས་བཀོད་དེ་ ཁྲིམས་ཀྱི་འདུན་སར་ བསྐྱལ་ཡོདཔ་ཨིན།



ད་རུང་ འབྲུག་ལོ་དེ་ནང་ སྲིད་དོན་ཚོགས་པ་གསརཔ་ ལེ་ཤ་ཐོན་ཡོདཔ་མ་ཚད་ འབྲུག་གིས་ འཛམ་གླིང་སྤྱི་ཚོགས་ཉེན་སྲུང་ཚོགས་སྡེའི་ནང་ གཏན་འཇགས་མིན་པའི་ སྡོད་ཁྲི་ཅིག་གི་དོན་ལུ་ དོ་འགྲན་འབད་མི་དེ་ མཐར་འཁྱོལ་བྱུང་མ་ཚུགས་པའི་ཁར་ བདུན་ཕྲག་ཨ་རྟག་ར་ རེས་གཟའ་ལྷག་པ་དེ་ རྐང་འགྲུལ་པའི་ཉིནམ་སྦེ་ གསལ་བསྒྲགས་འབད་མི་དེ་ ཤུལ་ལས་ ཟླ་རིམ་གྱི་ ལས་རིམ་ཅིག་ལུ་ གྱུར་སོ་ཡི།
དེ་ལས་ གྲོང་གཡུས་མི་སེར་ཉམ་ཆུང་ལས་འགོ་བཙུགས་ཏེ་ སྟོབས་ཤུགས་ཅན་དང་ དབང་ཚན་ཅན་ཚུན་ཚོད་ལུ་ རྒྱ་གར་གྱི་ཏི་རུ་ རུ་པི་ལངམ་མ་ཐོབ་པའི་ བྱེམ་སྦོམ་སྦེ་ ཕོག་ཡོད་པའི་ ཚོར་སྣང་བྱུང་དང་འབྱུང་བཞིན་དུ་ཡོདཔ་ཨིན།
འབྲུག་ལོ་ཚེས་པའི་སྐབས་ རྩིསཔ་ཚུ་གིས་ འབྲུག་ལོ་ནང་ རྒྱལ་ཁབ་དང་ མི་སེར་ཚུ་གིས་ དྲན་ཤེས་བཏོན་དགོ་པའི་ སྔོན་བཤད་འབད་དེ་ ཟླཝ་༡ མ་ལངམ་ལས་ར་ སྤྱི་ཟླ་༣ པའི་ནང་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ རུ་པི་ཕྱི་ཁར་ གཏང་ནི་ལས་ བཀག་འཛིན་གྱི་ ཐབས་ཤེས་ཚུ་ ལག་ལེན་འཐབ་ཅི།
ཁྱིམ་བཟོ་དང་ སྣུམ་འཁོར་གྱི་ བསྐྱིན་འགྲུལ་ཚུ་ ཐད་ཀར་མིན་པའི་ཐོག་ལས་ བཀག་འཛིན་འབད་བའི་ཁར་ ས་མཚམས་ཁྲོམ་སྡེ་ཚུ་ནང་སྡོད་མི་ རྒྱ་གར་གྱི་ ཚོང་པ་ཚུ་ལུ་ འབྲུག་གི་དངུལ་ཁང་ཚུ་ནང་ གསོག་འཇོག་རྩིས་དེབ་འཆང་མི་ཚུ་ཡང་ སྒོ་བསྡམས་བཅུག་ཡོདཔ་མ་ཚད་ རྒྱ་གར་གྱི་ ཚོང་པ་ཚུ་གིས་ ཕུན་ཚོགས་གླིང་ལུ་ དངུལ་ཁང་ཚུ་ལས་ གསོག་འཇོག་མ་དངུལ་ ཕད་ཙེ་ལེ་ཤ་བཏོན་འབག་མི་ལུ་ལྟ་སྟེ་ ལོ་རྒྱུས་འདྲ་མ་འདྲཝ་ལེ་ཤ་སླབ་ནི་ འགོ་བཙུགས་ནུག།
འབྲུག་གི་དངུལ་ཁང་ཚུ་ནང་ གསོག་འཇོག་ཚུ་ ཆ་མཉམ་རྫོགས་སོཔ་ལས་ སྤྱིར་བཏང་འབྲུག་མི་ཚུ་གིས་ གསོག་འཇོག་མ་འབད་བར་ ཟད་འགྲོ་བཏང་དོ་ཡོད་པའི་ མངོན་གསལ་བྱུང་ཡི།
རུ་པིའི་དཀའ་ངལ་དང་ དངུལ་ཁང་ཚུ་གིས་ བསྐྱིན་འགྲུལ་མཚམས་འཇོག་འབད་མི་ལུ་བརྟེན་ ས་ཆའི་གོང་ཚད་ཚུ་ མར་བབས་སོང་མི་དེ་ འགོ་དང་པ་ཨིནམ་མ་ཚད་ རུ་པི་དང་ཕྱདཔ་ད་ དངུལ་ཀྲམ་གྱི་ གནས་གོང་ཡང་ བརྒྱ་ཆ་༢༠ མར་བབས་སོང་མི་དེ་ ད་ལྟོའི་བར་ན་ཡང་ སླར་བཅོས་འབད་མ་ཚུགས་པར་ཡོདཔ་ཨིན།
མི་ག་ར་ གནས་སྟངས་ཚུ་ ལེགས་ཤོམ་འགྱོ་འོང་ཟེར་ རེ་བ་བསྐྱེད་དེ་ སྡོད་པའི་བར་ན་ གཞུང་གིས་ རྒྱལ་རབས་ནང་ མི་ལོ་༣༧༤ ལང་མི་ དབང་འདུས་ཕོ་བྲང་རྫོང་དེ་ མེ་མཆོད་བཞེས་ཡོད་པའི་ གསལ་བསྒྲགས་གནངམ་ད་ འབྲུག་པའི་མི་སེར་ཡོངས་ལུ་ མྱ་ངན་ཕོག་ཡོདཔ་ད་ མ་གཞི་ ག་ར་གིས་ རྒྱལ་རབས་ཅན་གྱི་ རྫོང་ཆེན་དེ་ མེ་རྐྱེན་ལས་ ཉེན་སྐྱོབ་འབད་ནི་གི་ འབད་རྩོལ་བསྐྱེད་ཡོད་རུང་ འབད་ཐབས་ག་ནི་ཡང་མ་བྱུང་པར་ མིག་གི་གདོང་ཁར་ ཐལ་བར་བརླགས་བཏང་ནུག།
ཨིན་རུང་ མེ་རྐྱེན་དེ་ ཁྱབ་སྤེལ་མ་འགྱོ་བའི་ཧེ་མར་ ནང་རྟེན་འགངས་ཅན་ཚུ་ ཉེན་སྐྱོབ་འབད་ཚུགསཔ་ལས་ བློ་བདེ་ཏོག་ཏོ་བྱུང་ཡོདཔ་ད་ རྫོང་གཞིས་རྙིང་ཤོས་དེ་ ལོག་གསར་བཞེངས་ཀྱི་དོན་ལུ་ འབྲུག་མི་ཆེ་འབྲིང་ཆུང་གསུམ་ཆ་མཉམ་གྱིས་ དངུལ་ཀྲམ་ས་ཡ་༥༠ ལྷགཔ་ཅིག་ ཞལ་འདེབས་ཕུལ་ཡོདཔ་ད་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྫོང་གསར་བཞེངས་ལུ་ མ་དངུལ་ས་ཡ་༢༠༠ ཞལ་འདེབས་གནང་ཡི།
དེ་ལས་ ལས་འགུལ་ཚུ་གི་གྲས་ལས་ ངང་ལམ་རྩི་ས་ལས་འགུལ་དེ་ སྔོན་བཤད་འབད་མ་ཚུགས་པའི་ གནས་སྟངས་ཚུ་ལུ་བརྟེན་ འབྲུག་ལོ་ནང་ འགོ་བཙུགས་ནི་གི་ ཞག་དུས་དེ་ འབྱིད་སོཔ་ལས་ ཟད་འགྲོ་དངུལ་ཀྲམ་དུང་ཕྱུར་༢ ལྷག་སོཔ་ཨིན་པས།
ད་རུང་ གློག་ཤུགས་མེ་ག་ཝཱཊི་༡༡༤ འབད་མི་ དར་དཀར་ཆུ་གློག་མེ་ལས་འགུལ་དེ་ སྤྱི་ལོ་༢༠༡༢ ཟླཝ་༦ པའི་ནང་ བསྒྲུབ་དགོཔ་ཨིན་རུང་ ཞག་དུས་ནང་ འབད་མ་ཚུགསཔ་ལས་ ཟད་འགྲོ་དངུལ་ཀྲམ་དུང་ཕྱུར་༢.༥ ལྷགཔ་ཅིག་ གནས་ཡོདཔ་ཨིན་པས།
སྤྱི་ཟླ་༡༠ པའི་ཟླ་ཕྱེད་ལུ་ འབྲུག་གིས་ འཛམ་གླིང་སྤྱི་ཚོགས་ཉེན་སྲུང་ཚོགས་སྡེའི་ སྡོད་ཁྲི་༡ གི་དོན་ལུ་ ཀེམ་བོ་ཌི་ཡ་དང་ ལྷོ་ཀོ་རི་ཡ་རྒྱལ་ཁབ་༢ དང་ དོ་འགྲན་འབདཝ་ད་ ཀོ་རི་ཡ་གིས་ རྒྱལ་ཁ་ཐོབ་ཅི།
གཞུང་གི་ཁ་ཐུག་ལས་ སྡོད་ཁྲིའི་དོན་ལུ་ དོ་འགྲན་འབད་མི་དེ་ཡང་ རྒྱལ་ཁ་འཐོབ་ནིའི་དོན་ལུ་མེན་པར་ རྒྱལ་ཁབ་ཀྱི་ རང་དབང་རང་བཙན་ རྩ་བརྟན་བཟོ་ཐབས་ལུ་ཨིན་ཟེར་ སླབ་ཨིན་རུང་ ལྡོག་ཕྱོགས་འགོ་ཁྲིདཔ་གིས་ ཉེན་སྲུང་ལྷན་ཚོགས་ཀྱི་ སྡོད་ཁྲི་ལུ་ ཧད་འཕུལ་ཏེ་ རྒྱལ་ཁབ་ཀྱི་ རྒྱུ་དངུལ་བརླགས་ནུག་ཟེར་ སྐྱོན་བརྗོད་འབད་ཡི།
ན་ཧིང་ལོ་ཧྲིལ་བུམ་ རྒྱལ་ཁབ་ནང་འཁོད་ལུ་ ཤེས་རིག་བརྒྱ་འཁོར་གྱི་ དུས་སྟོན་བརྩི་སྲུང་འབད་བའི་ཁར་ སློབ་གྲྭ་ཚུ་གིས་ སློབ་གྲྭའི་སྒྲིག་ཁྲིམས་དམ་དམ་བཟོ་ནིའི་དོན་ལུ་ བཟོད་བསྲན་མེད་པའི་ སྲིད་བྱུས་ཚུ་ དང་ལེན་འབད་ནུག།
སྤྱི་ཟླ་༡༢ པའི་ཚེས་༡༧ ལུ་ རྒྱལ་ཡོངས་དུས་ཆེན་གྱི་ཉིན་མར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱལ་ཁབ་ལུ་ ཕྱག་ཕྱིད་ཞུ་བའི་ ངོས་འཛིན་ལུ་ སློབ་དཔོན་༡༡༢ ལུ་ གསེར་གྱི་གཟེངས་འཐོན་རྟགས་མ་གནང་མི་དེ་གིས་ ཤེས་རིག་ལམ་ལུགས་ལུ་ སེམས་ཤུགས་ཐེབས་བྱུང་ཡི།
དེ་མ་ཚད་ ལོ་དེ་ནང་ ཨམ་སྲུ་རྫོང་བདག་དང་པ་དང་ མངོན་མཐོ་ཁྲིམས་འདུན་གྱི་ ཨམ་སྲུ་དྲང་དཔོན་དང་པ་བསྐོ་བཞག་གནང་ཡི།
ལོ་མཇུག་བསྡུ་ཁམས་ཅིག་ཁར་ རྒྱལ་པོའི་ཞིང་གི་ ཁྲོམ་ས་བགོ་བཀྲམ་དང་འབྲེལ་བའི་ རྩོད་དོན་སྐོར་ མོང་སྒར་རྫོང་ཁག་ཁྲིམས་ཀྱི་འདུན་སར་ ཚོགས་དཔོན་དང་ ནང་སྲིད་བློན་པོ་ དེ་ལས་ ཉེས་འཛུགས་ཅན་གཞན་ཚུ་གི་ སྙན་གསན་འགོ་བཙུགས་མི་དང་བསྟུན་ མི་ག་ར་གི་དྲན་ཤེས་ མོང་སྒར་ཁ་ཐུག་ལུ་འགྱོ་བའི་ མངོན་གསལ་ཡང་བྱུང་ཡི།
འབྲུག་གིས་ འཛམ་གླིག་རྒྱལ་ཁབ་གཞན་ཚུ་དང་ ཕྱི་འབྲེལ་དོན་གཅོད་པའི་ མཐུན་འབྲེལ་ཚུ་ འཕྲོ་མཐུད་དེ་ར་ གཞི་བཙུགས་འབད་ཡོདཔ་བཞིན་དུ་ དུས་ཅི་ སྤྱི་ཟླ་དང་པའི་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ རྒྱ་གར་ལུ་ མི་སེར་རྒྱལ་ཁབ་ཀྱི་ ཉིནམ་བརྩི་སྲུང་ནང་ སྐུ་མགྲོན་གཙོ་བོ་སྦེ་ བྱོན་གནང་མི་དེ་གིས་ རྒྱ་འབྲུག་གི་མཐུན་ལམ་ ནན་བསྐྱར་དུ་ དམ་ཟབ་བཟོ་གནང་པའི་ཁར་ སྤྱི་ཟླ་༢ པའི་བདུན་ཕྲག་དང་པའི་ནང་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་ རྒྱ་གར་ལུ་ བཀྲིན་དགའ་ཚོར་ཞུ་བར་ བྱོན་མི་དེ་གིས་ ལྷག་པར་དུ་ མཐུན་འབྲེལ་རྩ་བརྟན་བཟོ་གནང་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

No comments:

Post a Comment