གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་ཁབ་ཀྱི་ བསྐྱིན་འགྲུལ་མང་ཤོས་ གློག་མེ་ལས་འགུལ་གྱི་དོན་ལུ་ ཨིན་པའི་གསལ་ཞུ།

 ༢༧/༠༢/༢༠༡༣   ༉ སྤྱི་ཟླ་༢ པའི་ཚེས་༢༦ ལུ་ རྒྱལ་ཡོངས་ཚོགས་སྡེའི་ དྲི་བཀོད་ཀྱི་ལས་རིམ་ནང་ ལྡོག་ཕྱོགས་འགོ་ཁྲིདཔ་ ཚེ་རིང་སྟོབས་རྒྱས་ཀྱིས་ རྒྱལ་ཁབ་ཀྱི་ བུ་ལོན་གྱི་གནས་སྟངས་དང་ གློག་མེ་འཕྲུལ་ཁང་ཚུ་ལུ་བརྟེན་པའི་ བུ་ལོན་ཚུ་གི་སྐོར་ལས་ དྲི་བ་བཀོད་ཅི།
དེ་བཟུམ་སྦེ་ རྒྱལ་ཁབ་ནང་ རྒྱ་གར་གྱི་ཏི་རུ་ རུ་པི་མ་ལང་པའི་དཀའ་ངལ་དང་ དེ་ལུ་ ཐབས་ལམ་གྱི་དོན་ལུ་ དུས་ཐུང་བསྐྱིན་འགྲུལ་ཚུ་ ག་དེ་ཅིག་ལེན་ཡོདཔ་ཨིན་ནའི་སྐོར་ལས་ དྲི་བ་ཞུ་ཡི།



དངུལ་རྩིས་བློན་པོ་ དབང་འདུས་ནོར་བུ་གིས་ གསལ་ཞུ་འབད་མིའི་ནང་ ན་ཧིང་ སྤྱི་ཟླ་༡༢ པའི་ཚེས་༣༡ ཚུན་ལུ་ མི་མང་བསྐྱིན་འགྲུལ་ཡོངས་བསྡོམས་ དངུལ་ཀྲམ་ས་ཡ་༧༨,༦༥༢.༨༡༥ ཡོདཔ་ད་ བུ་ལོན་ཡོངས་བསྡོམས་དེ་ ནང་འཁོད་ཐོན་སྐྱེད་ཀྱི་ ཡོངས་བསྡོམས་དང་ཕྱདཔ་ད་ བརྒྱ་ཆ་༧༨.༤ ཨིན་ཟེར་ཨིན་པས།
བུ་ལོན་ཡོངས་བསྡོམས་ལས་ དངུལ་ཀྲམ་ས་ཡ་༤༥,༤༥༦.༣༨༧ ཆུ་ལུ་བརྟེན་པའི་ གློག་མེ་ལས་འགུལ་ཚུ་གི་དོན་ལུ་ ལག་ལེན་འཐབ་ཡོདཔ་སྦེ་ དངུལ་རྩིས་བློན་པོ་གིས་ ཚོགས་ཁང་ནང་གསལ་ཞུ་འབད་ཡི།
བློན་པོ་གིས་འབད་བ་ཅིན་ བུ་ལོན་མང་ཤོས་ཅིག་ གློག་མེ་ལས་འགུལ་ཚུ་གི་དོན་ལུ་ ལེན་ཡོདཔ་ཨིན་རུང་ ལས་འགུལ་ཚུ་ བསྒྲུབ་ཚར་བའི་བསྒང་ལས་ བསྐྱིན་འགྲུལ་ཚུ་ཡང་ ལས་འགུལ་ཁོང་ར་གིས་སྦེ་ར་ བཏབ་ཚུགས་ནི་ཨིནམ་ལས་ ཚ་གྱང་ལང་དགོཔ་ མེད་ཟེར་ཞུ་ཡི།
དུས་ཐུང་བསྐྱིན་འགྲུལ་གྱི་ཐད་ལུ་ལྷོདཔ་ད་ གཞུང་ལུ་ རྒྱ་གར་གྱི་ ཚོང་འབྲེལ་དངུལ་ཁང་ཚུ་དང་གཅིག་ཁར་ ཨོ་བར་ཌཱཕཊི་དང་ བསྐྱིན་འགྲུལ་རྒྱབ་རྟེན་གྱི་ མཐུན་རྐྱེན་ཚུ་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༡༢ ཟླ་༡ པ་ལས་ སྤྱི་ལོ་༢༠༡༣ ཟླ་༡ པ་ཚུན་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ ཨེསི་བི་ཨའི་དང་ པཱན་ཇཱབ་ནེ་ཤ་ནཱལ་བེངཀ་༢ ལུ་ ཨོ་བར་ཌཱཕཊི་གི་བསྐྱེད་ དངུལ་ཀྲམ་ས་ཡ་༧༠༣.༥ སྤྲོད་ཅི་ཟེར་ཨིན་པས།
དངུལ་རྩིས་བློན་པོ་གིས་ ཚོགས་དམངས་ལུ་ གསལ་ཞུ་འབད་མིའི་ནང་ ད་རེས་ཡོད་པའི་ རུ་པིའི་དཀའ་ངལ་གྱིས་ རྒྱལ་ཁབ་ཀྱི་དཔལ་འབྱོར་དང་ མི་སེར་ཚུ་ལུ་ གནོད་པ་མར་ཕབ་རྐྱབ་ནིའི་དོན་ལུ་ གཞུང་དང་ རྒྱལ་གཞུང་དངུལ་ལས་དབང་འཛིན་༢ ཀྱིས་ ཕྱག་ལཱ་ཚུ་ མཛད་བཞིན་དུ་ ཡོད་ཟེར་ཨིན་པས།
བློན་པོ་གིས་འབད་བ་ཅིན་ བསྐྱིན་འགྲུལ་གྱི་ཡོངས་བསྡོམས་ལས་ བརྒྱ་ཆ་༢༡.༧ དེ་ སྤྱིར་བཏང་ འཆར་དངུལ་གྱི་དོན་ལུ་དང་ བརྒྱ་ཆ་༧༠.༤ ལས་སྡེའི་བསྐྱིན་འགྲུལ་ དེ་ལས་ བརྒྱ་ཆ་༧.༩ དེ་ རྒྱ་གར་གཞུང་ལུ་ སྤྲོད་དགོཔ་ཨིན་ཟེར་ཨིན་པས།
ད་རེས་ བསྐྱིན་འགྲུལ་ལེན་ཏེ་ཡོད་མི་ཚུ་ སྤྱིར་བཏང་མི་སེར་ཚུ་ལུ་ ཕན་ནུས་ཅན་གྱི་ ལས་འགུལ་ཚུ་གི་དོན་ལུ་ཨིན་ཟེར་ཨིན་པས།
མགར་ས་འཐུས་མི་ དམ་ཆོས་རྡོ་རྗེ་གིས་ ལྡོག་ཕྱོགས་ཀྱི་ཧོངས་ལས་ རུ་པི་མ་ལང་པའི་དཀའ་ངལ་ཐོན་ནི་ཨིནམ་ཤེས་ཏེ་ སྔ་གོང་ལས་ ཚོགས་འདུའི་ནང་ འཆར་དངུལ་གྱི་གསུང་གྲོས་གནང་པའི་སྐབས་ དྲན་གསོ་ཞུ་ཡོདཔ་ཨིན་རུང་ དངུལ་རྩིས་བློན་པོ་གིས་ གནས་སྟངས་དེ་ལུ་ ཚ་གྱང་ལང་དགོཔ་མེད་ཟེར་སླབ་སྟེ་ ཆ་གནས་འབད་མ་བཏུབ་མི་གིས་ དུས་ཡུན་ཟླཝ་དག་པ་ཅིག་གི་རྒྱབ་ལས་ དཀའ་ངལ་དེ་ ཚབས་ཅན་ཅིག་ལུ་གྱུར་སོ་ཡི་ཟེར་ཞུ་ཡི།
ཁོ་གིས་འབད་བ་ཅིན་ ད་ལྟོའི་ཚོགས་ཐེངས་ནང་ཡང་ དངུལ་རྩིས་བློན་པོ་གིས་ ཧེ་མ་དང་ ཅོག་འཐདཔ་སྦེ་ ཞུ་བ་འབད་དོ་ཡོདཔ་ལས་ དེ་ལུ་ བདེན་ཁུངས་ག་དེ་སྦེ་འོང་ག་མནོ་བའི་ ཚ་གྱང་ལངམ་མས་ཟེར་ཞུ་ཡི།
ཁོ་གིས་འབད་བ་ཅིན་ ད་རེས་ཀྱི་བུ་ལོན་ཚུ་ མང་ཤོས་ར་ གློག་མེ་ལས་འགུལ་ཚུ་གི་དོན་ལུ་ ལག་ལེན་འཐབ་དོ་ཡོདཔ་ལས་ བསྐྱིན་འགྲུལ་ ལོག་བཏབ་མ་ཚུགས་པའི་ དཀའ་ངལ་བྱུང་མི་སྲིད་ནི་ཨིན་རུང་ ཧེ་མ་ ཆུ་ཁ་དང་ དར་ལ་གློག་མེ་ལས་འགུལ་ཚུ་ བཟོ་སྐྲུན་འབད་བའི་བསྒང་ཡང་ གཞུང་གིས་ དེ་བཟུམ་མའི་ ལེགས་བསྒྱུར་གྱི་སྐོར་ལས་ ལེ་ཤ་གསུངས་ཡོདཔ་ཨིན་རུང་ ད་རེས་ཀྱི་བར་ན་ཡང་ དར་ལ་གློག་མེ་ལས་འགུལ་གྱི་དོན་ལུ་ བུ་ལོན་ལེན་མི་ཚུ་ ལོག་བཏབ་མ་ཚར་བར་ འདུག་ཟེར་ཞུ་ཡི།
དེ་ལུ་ བསྟན་རྒྱས་བློན་པོ་ མཁའ་འགྲོ་དབང་ཕྱུག་གིས་འབད་བ་ཅིན་ གལ་སྲིད་ དར་ལ་གློག་མེ་ལས་འགུལ་ལུ་བརྟེན་པའི་ འོང་འབབ་ཚུ་ ལས་འགུལ་དེ་གི་བསྐྱིན་འགྲུལ་རྐྱངམ་གཅིག་ བཏབ་ནི་ལུ་ ལག་ལེན་འཐབ་པ་ཅིན་ ཧེ་མ་ལས་ འབྱོར་ཚུགསཔ་འོང་ནི་དང་ ཨིན་རུང་ ད་རེས་ཀྱི་བར་ན་ བཏབ་མ་ཚར་བར་ ལྷག་ལུས་ཡོད་དགོ་མི་དེ་ འོང་འབབ་ཀྱི་ ལས་སྣ་གཞན་ཚུ་གི་དོན་ལུ་ ལག་ལེན་འཐབ་དགོ་ནི་དེ་གིས་ ཨིན་ཟེར་ ཚོགས་དམངས་ལུ་ཞུ་ཡི།
ཞབས་ཏོག་བློན་པོ་ཡེ་ཤེས་སྦྱིན་པ་གིས་ ཞུ་དོ་བཟུམ་འབད་བ་ཅིན་ རྒྱལ་ཁབ་ནང་ ཏི་རུ་མ་ལང་པའི་ དཀའ་ངལ་ཐོན་ནི་དེ་ དཔལ་འབྱོར་ནང་ རང་བཞིན་གྱི་ གནས་སྟངས་ཅིག་འབདཝ་ལས་ ཐོན་ཏེ་ར་ སྡོད་འོང་ཟེར་ཨིནམ་ད་ དཔེ་འབད་བ་ཅིན་ རྒྱ་གར་རྒྱལ་ཁབ་དང་ ཨེ་མི་རི་ཀ་རྒྱལ་ཁབ་ཚུ་ནང་ཡང་ འདི་བཟུམ་གྱི་དཀའ་ངལ་ཚུ་ བྱུང་དོ་བཟུམ་ཅིག་ ཨིན་ཟེར་ཞུ་ཡི།
ཁོ་གིས་འབད་བ་ཅིན་ མི་ག་ར་འབད་རུང་ རང་ཕྱུགཔོ་ཐལ་འདོད་ཡོད་པ་ཅིན་ གཞན་ལས་ བསྐྱིན་འགྲུལ་མ་ལེན་པར་ ཐབས་ལམ་གཞན་རྩ་ལས་ར་མེདཔ་ལས་ ཤུལ་ལས་ འོང་འབབ་ལེགས་ཤོམ་བཟོ་དགོ་པ་ཅིན་ དུས་ཚོད་འ་ནེམ་ཅིག་ཁར་ ཁེ་སང་དང་ལྡན་པའི་ ལས་འགུལ་ཚུ་གི་དོན་ལུ་ མ་རྩ་བཙུགས་དགོ་ཟེར་ ཞུ་ཡོད་པའི་གནས་ཚུལ།
                                                                                      ཉི་མ་དབ་འདུས།

No comments:

Post a Comment