གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁཝ་ལུ་བརྟེན་ ཤར་ནུབ་ཀྱི་གཞུང་ལམ་ བསུབས་ཏེ་ར་ཡོདཔ།

༡༩/༢/༢༠༡༣   ༉ སྤྱི་ཟླ་༢ པའི་ཚེས་༡༦ གི་ནུབ་མོར་ ཁཝ་ཤུགས་སྦེ་ རྐྱབ་མི་ལུ་བརྟེན་ ཤར་ཕྱོགས་དང་ ནུབ་ཕྱོགས་རྫོང་ཁག་གི་ གཞུང་ལམ་བདའ་སྟེ་ ས་གནས་ཁག་ ལེ་ཤ་ཅིག་ནང་ ཁཝ་གིས་འཁོར་ལམ་བསུབས་ཡོདཔ་ལས་ སྣུམ་འཁོར་ཚུ་ རྒྱུན་འགྲུལ་འཐབ་མ་ཚུགས་པར་ ཐོགས་ལུས་ཡོདཔ་ཨིན་པས།
བུམ་ཐང་ལུ་ ཐོགས་ལུས་མི་ མི་མང་སྐྱེལ་འདྲེན་བཱསི་ཚུ།


བུམ་ཐང་ལུ་འབད་བ་ཅིན་ ཐིམ་ཕུ་ལས་ ཤར་ཕྱོགས་ཁ་ཐུག་ལུ་འགྱོ་མི་དང་ ཤར་ཕྱོགས་རྫོང་ཁག་ཚུ་ལས་ ནུབ་ཕྱོགས་རྫོང་ཁག་ཚུ་ནང་ རྒྱུན་འགྲུལ་འཐབ་མི་ མི་མང་སྐྱེལ་འདྲེན་བཱསི་དང་ སྣུམ་འཁོར་གཞན་ཚུ་ ཐོགས་ལུས་ཡོདཔ་ཨིན་པས།
ཁ་ཙ་བཟུམ་ཅིག་འབད་བ་ཅིན་ བུམ་ཐང་ལུ་ མི་མང་སྐྱེལ་འདྲེན་བཱསི་༧ དེ་ཅིག་ ཐོགས་ལུགས་ཡོདཔ་མ་ཚད་ སྣུམ་འཁོར་ལེ་ཤ་ཅིག་ར་ འགྲུལ་བསྐྱོད་འཐབ་མ་ཚུགས་པར་ ཐོགས་ལུས་ཡོདཔ་ཨིན་པས།
བུམ་ཐང་ལུང་ཕྱོགས་ཀྱི་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱི་འགོ་དཔོན་ འགྱུར་མེད་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཁ་ཙ་ ཁྲུམ་ཤིང་ལ་དང་ ཡོ་སྟོང་ལ་ལུ་ འཁོར་ལམ་བསུབས་ཏེ་ཡོདཔ་ལས་ ཁཝ་བཏོན་བཀོ་ནིའི་དོན་ལུ་ ཇེ་སི་བི་འཕྲུལ་གླང་ཚུ་ གཞི་བཙུགས་འབད་དེ་ ཡོད་ཟེར་ཨིན་པས།
ཤར་ཕྱོགས་ཁ་ཐུག་ལས་འོང་མི་ སྣུམ་འཁོར་ཚུ་ ཆ་མཉམ་ར་ སེང་སྒོར་ལུ་ ཐོགས་ལུས་ཡོདཔ་ད་ ཨུ་ར་ལས་ གནས་ཚུལ་བཤད་མི་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ མཁའ་འགྲོ་སྤང་ལུ་ ཁཝ་གིས་ འཁོར་ལམ་ག་ར་ བསུབས་ཡོད་ནི་དེ་གིས་ སྣུམ་འཁོར་ཚུ་ རྒྱུན་འགྲུལ་འཐབ་མ་ཚུགས་པར་ ལཱ་ཁག་རྐྱབ་སྟེ་འདུག་ཟེར་ཨིན་པས།
ད་རེས་ནངས་པ་ ཁཝ་ལུ་བརྟེན་ཏེ་ གཞུང་ལམ་གྱི་གནས་སྟངས་ ལེགས་ཤོམ་མེད་ནི་དེ་གིས་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱི་ འགོ་དཔོན་ཚུ་དང་ སྣུམ་འཁོར་ལྟ་རྟོག་འབད་མི་ ཁྲིམས་སྲུང་འགག་པ་ཚུ་གིས་ གཞུང་ལམ་ཁར་སྡོད་དེ་ སྣུམ་འཁོར་ཚུ་ ལྟ་རྟོག་འབད་དོ་ཡོདཔ་ཨིན་པས།
སེང་སྒོར་ལས་ གནས་ཚུལ་བཤད་མི་ཅིག་གིས་འབད་བ་ཅིན་ ཁྲུམ་ཤིང་ལ་ལུ་ ཁཝ་ཆགས་མི་ཚུ་ ཉིནམ་དག་པ་ཅིག་གི་རྒྱབ་ལས་ བཞུ་ཚུགས་ནི་བཟུམ་ཅིག་འདུག་ཟེར་ཨིནམ་ད་ ཨིན་རུང་ ཁ་ཙ་གི་ གནམ་གཤིས་གནས་སྟངས་དེ་ ཉིམ་ཤར་ཡོདཔ་ལས་ བུམ་ཐང་ལུ་ཐོགས་ལུས་མི་ ལམ་འགྲུལཔ་ཚུ་ སེམས་དགའ་སྟེ་ ཡོདཔ་ཨིན་པས།
འགྱུར་མེད་ཀྱིས་ སླབ་མིའི་ནང་ ལ་བདའ་སྟེ་ ཁཝ་སྟུག་དྲགས་སྦེ་ ཆགས་ཡོད་ནི་དེ་གིས་ སྣུམ་འཁོར་ཚུ་ ནམ་ལས་འགྲོ་འགྲུལ་འབད་ཚུགས་ག་ ད་ལྟོ་ ཏན་ཏན་སྦེ་སླབ་མི་ཤེས་པས་ཟེར་ཨིན་པས།
ཁཝ་རྐྱབ་པའི་ཉིན་མར་ རྒྱལ་མཁར་གཡུས་ཚན་ནང་ མཛོད་ཁང་སྦེ་ ལག་ལེན་འཐབ་མི་ སྦ་སྒོར་ཅིག་ཡང་ མེ་རྐྱེན་གྱིས་ རྩ་བ་ལས་ར་ འཚིགས་བཏང་ཡོདཔ་ལས་ དངུལ་ཀྲམ་འབུམ་༨ དེ་ཅིག་གནས་པའི་ ཅ་ཆས་ཚུ་ མེདཔ་བཏང་ཡོདཔ་ཨིན་པའི་གནས་ཚུལ།

བུམ་ཐང་ལས་ བཀྲ་ཤིས་བསྟན་འཛིན།

No comments:

Post a Comment