གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གསར་སྤང་རྫོང་ཁག་གི་དོན་ལུ་ ད་རུང་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ཅིག་ཐོན་ཡོདཔ།

༢༥/༢/༢༠༡༣   ༉ གསར་སྤང་རྫོང་ཁག་ ཆུ་འཛོམས་རྒེད་འོག་ ལྷ་ཡུལ་གཡུས་ཚན་ལས་ སྐྱེས་ལོ་༢༧ འབད་མི རང་གུ་པ་ཏི་ སུ་བེ་རི་གིས་ རྒྱལ་ཡོངས་ཚེགས་སྡེའི་དོན་ལུ་ རྫོང་ཁག་གི་ འདེམས་ངོ་གཉིས་པ་སྦེ་ ཐོན་ཡོདཔ་ཨིན་པས།
རང་གུ་པ་ཏི་ སུ་བེ་རི།


ཁོ་གིས་ ན་ཧིང་སྤྱི་ཟླ་༦ པའི་ནང་ བཀང་ལུང་ཤེས་རབ་རྩེ་ མཐོ་རིམ་སློབ་གྲྭ་ནང་ལས་ ཚན་རིག་གི་ མཐོ་རིམ་ཤེས་ཚད་ མཐར་འཁྱོལ་ཡོདཔ་ད་ རྒྱལ་ཁབ་ཀྱི་ མ་འོངས་གནས་སྟངས་དེ་ ག་དེ་སྦེ་བཟོ་ནི་ཨིན་ན་ ན་གཞོན་ཚུ་གི་ལག་པར་ཨིནམ་ལས་ ད་རེས་ ཁོ་གིས་ རྒྱལ་ཁབ་ལུ་ ཕྱག་ཞུ་ནིའི་ དུས་ཚོད་རན་ཡོདཔ་སྦེ་ ཚོར་ཡི་ཟེར་ཨིན་པས།
དེ་དང་འཁྲིལ་ དུས་ཅི་གི་བཙག་འཐུའི་ནང་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་སྦེ་ བཅའ་མར་གཏོགས་ནི་ཨིན་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ སྤྱི་ལོ་༢༠༠༨ ཀྱི་ བཙག་འཐུའི་སྐབས་ལུ་ཡང་ ཁོ་གིས་ ཚོགས་སྡེའི་འདེམས་ངོ་ཅིག་ལུ་ རྒྱབ་སྐྱོར་ཧྲིལ་བུམ་འབད་ཡོདཔ་ད་ དེ་ལུ་བརྟེན་ ཁོ་ར་ལུ་ཡང་ བཙག་འཐུའི་ནང་ བཅའ་མར་གཏོགས་ནིའི་ སེམས་ཤུགས་བྱུང་ཡི་ཟེར་ཨིན་པས།
དེ་བསྒང་ ཁོ་ར་ མཐོ་རིམ་སློབ་གྲྭ་ནང་འབདཝ་ལས་ ཤེས་ཡོན་མཇུག་བསྡུ་ནི་ལུ་ བསྒུགས་སྡོད་ཅི་ཟེར་ཨིནམ་ད་ ད་ལྟོ་ཚུན་ ཁོ་གིས་ དམངས་གཙོའི་གཞུང་ལུགས་ཀྱི་སྐོར་ལས་ ཀི་དེབ་ཚུ་ཡང་ ལེ་ཤ་ཅིག་ར་ལྷག་ཅི་ཟེར་ རང་གུ་གིས་སླབ་ཨིན་པས།
རང་གུ་གིས་ མཐོ་རིམ་ཤེས་ཚད་ མཐར་འཁྱོལ་བའི་ཤུལ་ལུ་ ཟླཝ་༣ དེ་ཅིག་གི་རིང་ ཁོ་རའི་གཡུས་ཁར་སྡོད་ཡོདཔ་ད་ དེ་བསྒང་ གཡུས་མི་ཚུ་གིས་ཡང་ བཙག་འཐུའི་ནང་ དོ་འགྲན་འབད་དགོཔ་སྦེ་ སླབ་ཡོདཔ་མ་ཚད་ ཁོ་གིས་ དད་དམ་ལྷད་མེད་ཀྱི་ཐོག་ལས་ གཞུང་ལུ་ ཕྱག་ཕྱིད་ཞུ་ནིའི་ མནོ་བསམ་བཏང་དོ་ཡོདཔ་ལས་ ཁོ་དང་འདྲ་བའི་ བསམ་སྤྱོད་ལྡན་མི་ཚུ་གིས་ ཁོ་ལུ་ རྒྱབ་སྐྱོར་འབད་བའི་ རེ་བ་ཡོད་ཟེར་ཨིན་པས།
གནམ་དགུན་གྱི་སྐབས་ལུ་ རང་གུ་གིས་ ལམ་སེལ་ལས་ཁུངས་དང་གཅིག་ཁར་ ཁོ་རའི་ ཕམ་ཚུ་ ལཱ་འབད་སའི་ འཁོར་ལམ་གྱི་ས་ཁོངས་ཚུ་ནང་ ལཱ་འབད་ཡོདཔ་མ་ཚད་ རང་གུ་དེ་ ངོས་འཛིན་ཅན་གྱི་ རྡོ་བཟོ་བོ་ཅིག་ཡང་ཨིནམ་ད་ དེ་བཟུམ་སྦེ་ སྤྱི་ལོ་༢༠༠༨ ལུ་ ཐིམ་ཕུ་དགོངས་རྫོགས་མཆོད་རྟེན་ ཉམས་བཅོས་འབད་བའི་སྐབས་ལུ་ཡང་ དུས་ཡུན་ཟླཝ་༣ གྱི་རིང་ ལཱ་འབད་ཡོདཔ་ཨིན་པས།
གལ་སྲིད་ ཁོ་ར་ ཚོགས་སྡེའི་འཐུས་མི་སྦེ་ བཙག་འཐུ་འགྲུབ་ཚུགས་པ་ཅིན་ མི་སེར་ཚུ་གི་ དཀའ་ངལ་ཚུ་ གཞུང་གིས་ ཧ་གོ་ཚུགསཔ་བཟོ་ནི་དང་ ཁྲིམས་ལུགས་དང་ བཅའ་ཁྲིམས་ཚུ་ ལངམ་སྦེ་བཟོ་ཐོག་ལས་ མི་སེར་གྱི་ མི་ཚེའི་གནས་སྟངས་ ལེགས་བཅོས་འབད་ནི་ལུ་ ཤུགས་གཏོན་ནི་ཨིན་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment