གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕྱོགས་མང་མ་རྩ་གཞི་བཙུགས་འགན་ལེན་ལས་སྡེ་ གཞི་བཙུགས་ཀྱི་མཐུན་གྲོས་ ཆ་འཇོག་གྲུབ་ཡོདཔ།

༢༧/༠༢/༢༠༡༣   ༉ འབྲུག་གིས་ ཕྱོགས་མང་མ་རྩ་གཞི་བཙུགས་འགན་ལེན་ལས་སྡེའི་ འཐུས་མི་༡༨༠ གི་གྲངས་སུ་ འཛུལ་ཞུགས་འབདཝ་དང་འབྲེལ་ ཆིངས་ཡིག་གི་དོན་ཚན་ཚུ་གུ་ གསུང་གྲོས་གནང་སྟེ་ ཆ་འཇོག་གྲུབ་གནང་ཡི།


དངུལ་རྩིས་བློན་པོ་དབང་འདུས་ནོར་བུ་གིས་ ཕྱོགས་མང་མ་རྩ་གཞི་བཙུགས་འགན་ལེན་ལས་སྡེ་ གཞི་བཙུགས་ཀྱི་དོན་ལུ་ རྒྱབ་ཁུངས་ཞུ་མིའི་ནང་ རྒྱལ་སྤྱི་གོང་འཕེལ་ཚོགས་པ་དང་ རྒྱལ་སྤྱི་དངུལ་འབྲེལ་ལས་འཛིན་ བསྐྱར་བསྐྲུན་དང་གོང་འཕེལ་ལས་སྡེ་ རྒྱལ་སྤྱི་དངུལ་ཁང་ རྒྱལ་སྤྱི་མ་རྩ་གཞི་བཙུགས་རྩོད་རྙོགས་བསྡུ་སྒྲིག་ལྟེ་བ་ དེ་ལས་ འཛམ་གླིང་དངུལ་ཁང་གི་ལས་སྡེ་༥ ཡོད་མིའི་གྲས་ལས་ འབྲུག་རྒྱལ་ཁབ་འདི་ འཛམ་གླིང་དངུལ་ཁང་ལས་སྡེའི་འཐུས་མི་སྦེ་ འཛུལ་ཞུགས་འབད་ཡི་ཟེར་ཞུ་ཡི།
འབྲུག་རྒྱལ་ཁབ་འདི་ སྤྱི་ལོ་༡༩༨༣ ལུ་ རྒྱལ་སྤྱི་གོང་འཕེལ་ཚོགས་པ་ འགོ་བཙུགསཔ་བཞིན་དུ་ བསྐྱིན་འགྲུལ་དང་གནང་བྱིན་མ་དངུལ་༢ ཆ་རའི་ཐོག་ལས་ ཤེས་རིག་དང་ གསོ་བ་ དངུལ་རྩིས་ བསྟན་རྒྱས་ ཁྲོམ་སྡེ་གོང་འཕེལ་ དེ་ལས་ རང་བཞིན་གནས་སྟངས་ཚུ་ནང་ རྒྱབ་སྐྱོར་འབད་ཡི་ཟེར་ཞུ་ཡི།
དེ་མ་ཚད་ གཞུང་གི་ལས་སྡེ་ཁག་མ་འདྲཝ་ཚུ་ ལྕོགས་གྲུབ་གོང་འཕེལ་རྒྱ་ཆེཝ་སྦེ་བྱུངམ་བཞིན་དུ་ འཆར་གཞི་༡༠ པའི་ནང་ འཛམ་གླིང་དངུལ་ཁང་ལས་ འཆར་དངུལ་ཡུ་ཨེསི་ཌོ་ལར་ས་ཡ་༨༤ ལྷགཔ་ཅིག་ སོ་ནམ་ཞིང་ལམ་གཏོན་ནི་དང་ གོང་འཕེལ་སྲིད་བྱུས་འཆར་དངུལ་གྱི་རྒྱབ་སྐྱོར་ གནང་བྱིན་དང་ བསྐྱིན་འགྲུལ་ཐོག་ལས་ རྒྱལ་ཁབ་ཀྱི་ དབུལ་ཕོངས་མར་ཕབ་ཀྱི་ ལས་རིམ་ཚུ་ནང་ རྒྱབ་སྐྱོར་ཐོབ་ཅི་ཟེར་ ཞུ་ཡི།
རྒྱལ་སྤྱི་དངུལ་འབྲེལ་ལས་འཛིན་གྱི་ འཐུས་མི་སྦེ་ སྤྱི་ལོ་༢༠༠༣ ལུ་འཛུལ་ཡོདཔ་ད་ གོང་འཕེལ་འགྱོ་བའི་བསྒང་ཡོད་པའི་ འཐུས་མི་རྒྱལ་ཁབ་ཚུ་ལུ་ མ་རྩ་གཞི་བཙུགས་འབད་ནིའི་དོན་ལས་ བསྐྱིན་འགྲུལ་ཚུ་བྱིན་ཡོདཔ་བཟུམ་སྦེ་ འབྲུག་རྒྱལ་ཁབ་ལུ་ཡང་ མ་རྩ་གཞི་བཙུགས་འབད་ནིའི་དོན་ལུ་ གོ་སྐབས་ཚུ་ ཐོབ་ཏེ་ཡོད་ཟེར་ཞུ་ཡི།
སྤུས་ཚད་ཐོག་དྲགས་འབད་མི་ ལྟ་བཤལ་མཐུན་རྐྱེན་ཚུ་གི་དོན་ལུ་ དངུལ་འབྲེལ་ལས་འཛིན་དེ་གིས་ ཕྱིའི་མ་དངུལ་གཞི་བཙུགས་འབད་ནིའི་ནང་ བསྐྱིན་འགྲུལ་བྱིན་ཡོདཔ་མ་ཚད་ ཧེ་ཟེལ་ནཱཊ་ཤིང་གི་ཐོན་སྐྱེད་དོན་ལུ་ ཕྱིའི་མ་རྩ་གཞི་བཙུགས་འབད་ནི་ལུ་ མ་རྩ་གཞི་བཙུགས་ཀྱི་ བསྐྱིན་འགྲུལ་གྲ་སྒྲིག་འབད་བའི་བསྒང་ཡོད་ཟེར་ཞུ་ཡི།
དེ་ཁར་ ལས་འཛིན་དེ་གིས་ མ་རྩ་གཞི་བཙུགས་ཀྱི་ གནས་སྟངས་ལེགས་བཅོས་འབད་ནི་དང་ དངུལ་འབྲེལ་ལས་སྡེ་ཚུ་གི་བཙན་ཐབས་ དེ་ལས་ ཕྲ་རབ་དང་འབྲིང་རིམ་ཚུ་གི་ གོང་འཕེལ་དོན་ལས་ གྲོས་སྟོན་ཞབས་ཏོག་ཚུ་བྱིན་ཏེ་ཡོད་ཟེར་ཨིན་པས།
ད་རེས་ དངུལ་འབྲེལ་ལས་འཛིན་དེ་གིས་ མ་རྩ་གཞི་བཙུགས་ཀྱི་གོ་སྐབས་ཡོད་མི་ ཤེས་རིག་དང་གསོ་བ་ སོ་ནམ་ཚོང་ལཱ་ བརྒྱུད་འབྲེལ་ གློག་མེ་ དེ་ལས་ དངུལ་འབྲེལ་ཚོང་ལམ་ཚུ་ འཕྲོ་མཐུད་དེ་ར་ ལྟ་ཞིབ་འབད་བའི་བསྒང་ཡོདཔ་ད་ འབྲུག་རྒྱལ་ཡོངས་དངུལ་ཁང་ལས་ སྤྱིར་བཏང་བགོ་བཤའ་ཐོག་ བརྒྱ་ཆ་༢༠ གི་རྩིས་ ཡུ་ཨེསི་ཌོ་ལར་ས་ཡ་༢༨ དང་ཕྱེད་འབད་མི་ མཁོ་སྒྲུབ་འབད་དེ་ཡོདཔ་ཨིན་པས།
ད་རེས་ རྒྱལ་ཁབ་ནང་ ཐད་ཀར་གྱི་མ་རྩ་གཞི་བཙུགས་ སྔར་བ་ལྷགཔ་སྦེ་ འཐོན་བཅུག་ནིའི་དོན་ལུ་ ཕྱོགས་མང་མ་རྩ་གཞི་བཙུགས་འགན་ལེན་ལས་སྡེའི་ནང་ འཐུས་མི་སྦེ་ འཛུལ་ཞུགས་འབད་ནིའི་དོན་ལུ་ ཐུགས་ཐག་བཅད་དེ་ཡོད་ཟེར་ཞུ་ཡི།
གོང་འཕེལ་འགྱོ་བའི་བསྒང་ཡོད་མི་ འཐུས་མི་རྒྱལ་ཁབ་ཚུ་གི་བར་ན་ མ་རྩ་གཞི་བཙུགས་འབད་ནི་དང་ གོང་འཕེལ་གཏང་ཐབས་ལུ་ གོང་འཕེལ་འགྱོ་བའི་བསྒང་ཡོད་མི་ རྒྱལ་ཁབ་ཚུ་ནང་ ཕྱིའི་མ་རྩ་གཞི་བཙུགས་ཀྱི་ཉེན་ཁ་དང་ བསྐྱིན་འགྲུལ་གྱི་ཟད་འགྲོ་ཚུ་ མར་ཕབ་འབདཝ་ཨིན་ཟེར་ཞུ་ཡི།
འཛམ་གླིང་ནང་ མ་རྩ་གཞི་བཙུགས་འབད་མི་ གོང་འཕེལ་འགྱོ་བའི་བསྒང་ཡོད་མི་རྒྱལ་ཁབ་ཚུ་ནང་ མ་རྩ་གཞི་བཙུགས་འབད་ནིའི་དང་འདོད་ཡོད་རུང་ རྒྱལ་ཁབ་ནང་ ཚོང་ལས་ཀྱི་ཉེན་ཁ་རྐྱངམ་གཅིག་མེན་པར་ སྲིད་ཀྱི་ཉེན་ཁ་ཡང་ཡོདཔ་ལས་ མ་རྩ་གཞི་བཙུགས་འབད་ནི་ལུ་ ཐེ་ཚོམ་ཟ་སྟེ་ མ་བཙུགསཔ་ཨིན་པས།
དེ་གི་དོན་ལུ་ ལས་སྡེ་དེ་གིས་ ཉེན་བཅོལ་འབདཝ་ད་ མ་རྩ་གཞི་བཙུགས་འབད་ནི་ལུ་ ཚེར་སྣང་མེདཔ་ལས་ ཕན་ཚུན་མ་རྩ་གཞི་བཙུགས་འབད་ནི་ལུ་ བྱ་སྟབས་བདེ་ཏོག་ཏོ་བཟོཝ་ཨིན་ཟེར་ དངུལ་རྩིས་བློན་པོ་དབང་འདུས་ནོར་བུ་གིས་ཞུ་ཡི།
འཐུས་མི་སྦེ་ འཛུལ་ཞུགས་འབད་བའི་ཤུལ་ལས་ འཛམ་གླིང་དངུལ་ཁང་དང་གཅིག་ཁར་ ཧེ་མ་བ་ལྷགཔ་སྦེ་ མཐུན་ལམ་སྒྲིང་སྒྲིང་བཟོ་སྟེ་ མ་དངུལ་དང་ ཐོན་ཁུངས་ཀྱི་གོ་སྐབས་ཚུ་ ཡར་སེང་འགྱོ་ནིའི་འོས་འབབ་སྦོམ་ཡོད་ཟེར་ཞུ་ཡི།
དངུལ་རྩིས་བློན་པོ་གིས་ ང་བཅས་ཀྱིས་ ཞུཝ་བཞིན་དུ་ ཕྱོགས་མང་མ་རྩ་གཞི་བཙུགས་འགན་ལེན་ལས་སྡེ་གིས་ འཐུས་མི་སྦེ་ འཛུལ་ཞུགས་འབད་ནི་ལུ་ ངོས་ལེན་གྲུབ་སྟེ་ གཞུང་གི་འཐུས་ཚབ་ལུ་ སྤྱི་ལོ་༢༠༡༣ ཟླ་༡ པའི་ཚེས་༡༣ ལུ་ ཡུ་ཨེསི་ཨེ་ ཝ་ཤིང་ཊཱོན་ ཌི་སི་ལུ་ འཛམ་གླིང་དངུལ་ཁང་གི་ ཡིག་ཚང་ལྟེ་བ་ ནིའུ་ཡོག་ལུ་སྡོད་མི་ འཛམ་གླིང་སྤྱི་ཚོགས་ཀྱི་ འབྲུག་པའི་སྐུ་ཚབ་ཀྱིས་ མཚན་རྟགས་བཀོད་གནང་ཡི་ཟེར་ཞུ་ཡི།
འཐུས་མི་རྒྱལ་ཁབ་༡༧༩ གིས་ ཆ་འཇོག་གྲུབ་ཡོད་མི་ ཕྱོགས་མང་མ་རྩ་གཞི་བཙུགས་འགན་ལེན་ལས་སྡེ་དེ་ ཚོགས་ཁང་ལུ་ ཕུལ་ཡོདཔ་ད་ འབྲུག་རྒྱལ་ཁབ་འདི་ དཔལ་འབྱོར་གོང་འཕེལ་ལེགས་ཤོམ་སྦེ་ མ་འགྱོ་བར་ཡོདཔ་ལས་ འཐུས་མི་སྦེ་ འཛུལ་ཞུགས་འབད་དགོ་པའི་ གནས་སྟངས་བྱུང་སྟེ་ཡོད་ཟེར་ཨིན་པའི་གནས་ཚུལ།

                                                                                        བཀྲིས་ཕུན་ཚོགས།

No comments:

Post a Comment