གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤྱི་མི་བགྲེསཔ་གིས་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་སྦེ་ དོ་འགྲན་འབད་ནི།

སྤྱི་མི་བགྲེསཔ་སངས་རྒྱས་མཁའ་འགྲོ།
༉ ད་ཚུན་གྱི་བར་ན་ བསམ་རྩེ་རྫོང་ཁག་གི་ སྤྱི་མི་བགྲེསཔ་ སངས་རྒྱས་མཁའ་འགྲོ་གིས་ སྲིད་ཚོགས་ག་ཅི་ནང་འཛུལ་ཏེ་ ཤུལ་མའི་སྤྱིར་བཏང་བཙག་འཐུའི་ནང་ དོ་འགྲན་འབད་འོང་ག་ཟེར་ དོགས་སྣང་བྱུང་མི་དེ་ ད་རིས་འབདཝ་ད་ དོགས་སེལ་འབད་ཡོདཔ་ཨིན་པས།
དེ་ཡང་ སྐྱེས་ལོ་༣༧ ལང་མི་ སངས་རྒྱས་མཁའ་འགྲོ་གིས་ སྲིད་ཚོགས་ག་ཅི་ནང་ཡང་ འཛུལ་ཞུགས་མ་འབད་བར་ བསམ་རྩེ་འདེམས་ཁོངས་ནང་ལས་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུའི་ནང་ དོ་འགྲན་འབད་ནི་གི་ གསལ་བསྒྲགས་འབདཝ་ད་ མི་ལེ་ཤ་ཅིག་ལུ་ བདེན་རྫུན་ཕྱེ་མ་ཚུགསཔ་ཡར་སོཔ་ཨིན་པས།
སངས་རྒྱས་མཁའ་འགྲོ་གིས་ བརྒྱུད་འཕྲིན་ཐོག་ལས་ ཀུན་གསལ་ལུ་ སླབ་མིའི་ནང་ ཁོ་ར་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་སྦེ་ འཐོན་ནི་གི་ ཐག་བཏོག་སྟེ་ ཉིན་གྲངས་༡༥ དེ་ཅིག་ ཡར་སོ་ཡི་ཟེར་ཨིནམ་ད་ དེ་སྦེ་ ཐག་བཅད་དགོ་མི་དེ་ཡང་ ཁོ་ར་ སྲིད་དང་འབྲེལ་བའི་ ལས་དོན་ཚུ་ནང་ འབྲེལ་གཏོགས་འབད་བ་གིས་ བསུན་ར་བསུན་ཆི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སྤྱི་ལོ་༢༠༠༨ ལུ་ སྲིད་ཚོགས་ནང་ ཧྲིལ་བུམ་སྦེ་ བཅའ་མར་གཏོགས་ཏེ་ ལཱ་འབད་ཡོདཔ་ལས་ ད་རིས་འབདཝ་ད་ བག་ཚིགས་འཇོམས་ཡི་ཟེར་ཨིན་པས།
དུས་ཅི་ སྲིད་ཚོགས་གསརཔ་གསུམ་ཐོན་མི་ཚུ་གིས་ ཁོང་གི་ སྲིད་ཚོགས་ནང་ འཛུལ་ཞུགས་འབད་དགོཔ་སྦེ་སླབ་པར་ ཁོ་འབད་སར་ འོང་ཡོདཔ་ཨིན་རུང་ ཁོ་གིས་ ཁ་མ་བཟེད་ཟེར་ཨིནམ་ད་ ང་གིས་ རྒྱལ་ཡོངས་ཚོགས་སྡེའི་ དོ་འགྲན་ནང་ལས་ རྒྱལ་ཁ་ཐོབ་པ་ཅིན་ མི་སེར་དང་ རྒྱལ་ཁབ་ལུ་ ཕྱག་ཞུ་ཚུགས་པའི་ བློ་སྟོབས་སྦོམ་ཡོད་ཟེར་ སྤྱི་མི་བགྲེསཔ་གིས་ སླབ་ཨིན་པས།
མི་ལ་ལུ་ཅིག་གིས་ སླབ་མི་དང་འཁྲིལཝ་ད་ སངས་རྒྱས་མཁའ་འགྲོ་གིས་ འབྲུག་ཕུན་སུམ་ཚོགས་པའི་ནང་ འདེམས་ངོ་སྦེ་ འཛུལ་ཞུགས་ཀྱི་དོན་ལུ་ ངོས་ལེན་ཤོག་འཛིན་མ་ཐོབ་ནི་དེ་གིས་ རྒྱལ་ཡོངས་ཚོགས་སྡེའི་ནང་ དོ་འགྲན་འབད་ནི་གི་ དཔའ་བཅམ་ཨིན་པས་ཟེར་ཨིནམ་ད་ དེ་སྦེ་ སླབ་མི་དེ་ ཁོང་རའི་བསམ་ཚུལ་ཅིག་ཨིནམ་ལས་ རྩ་ལས་ར་ མི་བདེན་ཟེར་ ཁོ་གིས་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་ལྟོ་ འབྲུག་ཕུན་སུམ་ཚོགས་པའི་གཞུང་དེ་ རྩ་གྲོལ་མ་བཏང་པར་ཡོདཔ་ལས་ ཁོང་གིས་ ངོས་ལེན་ཤོག་འཛིན་བྱིན་ནི་ ག་དེ་སྦེ་ འགོ་བཙུགས་ནི་སྨོ་ཟེར་ཨིན་པས།
བསམ་རྩེ་གཏན་འབྲུ་ལས་ཨིན་མི་ སྤྱི་མི་བགྲེསཔ་དེ་ སྤྱི་ལོ་༢༠༠༨ ལུ་ སྲིད་ཚོགས་དེ་གི་དོན་ལུ་ འོས་འབབ་ལྡན་པའི་ འདེམས་ངོ་ཅིག་སྦེ་ བརྩི་འཇོག་འབད་ཡོད་རུང་ ཁོ་ལུ་ མཐོ་རིམ་ཤེས་ཚད་མེད་མི་ལུ་བརྟེན་ བཙག་འཐུའི་ནང་ བཅའ་མར་གཏོགས་ཐབས་མ་བྱུང་པར་ འབྲུག་ཕུན་སུམ་ཚོགས་པའི་དོན་ལུ་ བསྐུལ་བསྒྲགས་འབད་ཡོདཔ་ཨིན་པས།
སངས་རྒྱས་མཁའ་འགྲོ་གིས་ སླབ་མིའི་ནང་ སྲིད་ཚོགས་དེ་གིས་ ཁོ་ལུ་ ལྕོགས་གྲུབ་ཡོདཔ་ཨིནམ་ མཐོང་སྣང་བྱུང་སྟེ་ མཐོ་རིམ་སློབ་གྲྭ་ནང་ མཐོ་རིམ་ཤེས་ཡོན་སྦྱང་པར་ བཏང་མི་དེ་ཡང་ ཁོ་ རྒྱལ་ཁབ་ནང་ ལོག་འོང་སྟེ་ སྲིད་དོན་སྦེ་ སྲིད་ཚོགས་ནང་ འཛུལ་ཞུགས་འབད་ནིའི་དོན་ལུ་མེན་ཟེར་ཨིན་པས།
འབྲུག་ཕུན་སུམ་ཚོགས་པ་གིས་ ཁོ་གི་ སློབ་སྦྱོང་ལས་རིམ་གྱི་ ཟད་འགྲོ་ཕྱེད་ཀ་བཏང་ཐོག་ལས་ ཐའི་ལེནཌི་རང་རྩི་གཙུག་ལག་སློབ་སྡེ་ནང་ སྲིད་དོན་ཚན་རིག་གི་ མཐོ་རིམ་ཤེས་ཡོན་མཐར་འཁྱོལ་ཏེ་ ན་ཧིང་ རྒྱལ་ཁབ་ནང་ ལོག་འོང་ཡོདཔ་ཨིན་པས།
སངས་རྒྱས་མཁའ་འགྲོ་གིས་ སྤྱི་ལོ་༢༠༡༣ ལུ་ སིབས་སུ་འདེམས་ཁོངས་ལས་ འབྲུག་ཕུན་སུམ་ཚོགས་པའི་ འདེམས་ངོ་སྦེ་ཐོན་ཏེ་ བཙག་འཐུའི་ནང་ དོ་འགྲན་འབད་འོང་ཟེར་ མི་སེར་ཚུ་གིས་ རེ་བ་བསྐྱེད་ཡོདཔ་ཨིན་པས།
བསམ་རྩེ་འདེམས་ཁོངས་ཀྱི་ མི་སེར་ཚུ་གིས་ སངས་རྒྱས་མཁའ་འགྲོའི་ གྲོས་ཆོད་ལུ་ ཡིད་ཆེས་ངལ་རངས་བསྐྱེད་དེ་ རྒྱབ་སྐྱོར་འབདཝ་ཨིན་རུང་ སིབ་སུ་འདེམས་ཁོངས་ཀྱི་ མི་སེར་བརྒྱ་ཆ་༥༠ གིས་ ཁོ་ར་ སྲིད་དོན་ཚོགས་པ་ནང་ འཛུལ་ཞུགས་འབད་དགོ་པའི་ ཨུ་ཚུགས་བསྐྱེད་བཞིན་དུ་ཡོད་ཟེར་ ཁོ་གིས་ སླབ་ཨིན་པས།
དེ་འབདཝ་ད་ ཁོ་རའི་ བཟའ་ཚང་ཚུ་གིས་ ཁོ་གི་ གྲོས་ཆོད་ལུ་ རྒྱབ་སྐྱོར་མེདཔ་ད་ ཁོང་གིས་ སྲིད་འབྲེལ་ལུ་ མ་དགའ་མི་ལུ་བརྟེན་ ང་ ཚོང་འབྲེལ་ལུ་ ཤུགས་བཏོན་ཏེ་ མཐར་འཁྱོལ་ཅན་གྱི་ ཚོང་པ་ཅིག་ལུ་ འགྱུར་ནི་གི་ རེ་བ་བསྐྱེདཔ་མས་ཟེར་ བཤདཔ་ཨིན་པས།
ད་ལྟོ་ བསམ་རྩེ་ལུ་སྡོད་མི་ སངས་རྒྱས་མཁའ་འགྲོ་གིས་ སྐྱེས་ལོ་༢༡ ལུ་ ཁོ་རའི་ཨ་པ་ སིབ་སུ་རྒཔོ་སྦེ་སྡོདཔ་ད་ གྱོངས་སོཔ་ལས་ ཟླཝ་༡༣ གྱི་རིང་ སིབས་སུ་རྒེད་འོག་གི་ རྒཔོ་ངོ་ཚབ་སྦེ་ ཕྱག་ཞུ་ཡོདཔ་ད་ སྐྱེས་ལོ་༢༥ ལངམ་ད་ མི་སེར་ཚུ་གིས་ སྤྱི་མི་སྦེ་ བཙག་འཐུ་འབད་དེ་ སྤྱི་ལོ་༢༠༠༨ ཚུན་ཚོད་ གནས་ཡུན་༢ རྒྱལ་ཡོངས་ཚོགས་འདུའི་ནང་ མི་སེར་གྱི་ འཐུས་ཚབ་སྦེ་ ཕྱག་ཞུ་ཡོད་པའི་གནས་ཚུལ།

No comments:

Post a Comment