གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལ་ཡའི་མི་སེར་ཚུ་ ས་དམའ་ས་ལས་ ལོག་འགྱོ་མ་ཚུགས་པར་ཡོདཔ།

༉ ཨ་རྟག་འབད་བ་ཅིན་ ད་རིས་བཟུམ་མའི་ དུས་ཚོད་ནང་ ལ་ཡའི་མི་སེར་ཚུ་ གནམ་དགུན་གྱི་ གནས་སྤོ་ས་གནས་ སྤུ་ན་ཁ་དང་ མགར་ས་རྫོང་གི་རྩ་བར་ སྒར་བཅགས་ཏེ་ སྡོད་མི་ལས་ ལོག་ཁོང་རའི་གཡུས་ཁར་ ལྷོད་ནི་ཡོདཔ་ཨིན་རུང་ སྤྱི་ཟླ་༢ པའི་ཚེས་༡༦ ལུ་ ཁཝ་ཤུགས་སྦེ་ རྐྱབ་པའི་སྐབས་ ལ་ཡ་འགྱོ་སའི་ ལམ་བཀག་མི་ལུ་བརྟེན་ ཤུལ་མའི་ཟླཝ་ནང་རྐྱངམ་གཅིག་ ལོག་འགྱོ་ཚུགས་ནི་ཨིན་པས།
ལོག་གཡུས་ཁ་འགྱོ་མ་ཚུགས་པར་ སྒར་བཅགས་སྡོད་མི་ལ་ཡཔ་ཚུ།


ད་ལྟོ་ ལ་ཡཔ་སྟོང་ཕྲག་ལས་བཅད་དེ་ མགར་ས་རྫོང་གི་ ཉེ་འདབས་ལུ་ གནས་སྐབས་ཀྱི་ སྒར་བཅགས་ཏེ་ སྡོད་ཡོད་མིའི་གྲས་ལས་ ལ་ཡ་རྒེད་འོག་གི་ཚོགས་པ་ སྐྱེས་ལོ་༣༡ ལང་མི་ དབང་རྒྱལ་གྱིས་ སླབ་མིའི་ནང་ ཨ་རྟག་འབད་བ་ཅིན་ ཁོང་ཆ་ཁྱབ་ སྤྱི་ཟླ་༢ པའི་ཟླཝ་འགོ་བཙུགས་ཁམས་ཅིག་ལས་ རང་སོའི་གཡུས་ཁར་ ལོག་ལྷོད་ནི་ཡོདཔ་ཨིན་རུང་ དུས་ཅི་ ཁཝ་ཤུགས་སྦེ རྐྱབ་མི་ལུ་བརྟེན་ འགྱོ་མ་ཚུགས་ཟེར་ཨིན་པས།
དབང་རྒྱལ་གྱིས་འབད་བ་ཅིན་ མགར་ས་རྫོང་ལས་ ནུབ་ཁ་ཐུག་ལུ་ཡོད་མི་ ཕ་རི་ལའི་ ལམ་དེ་ ཁཝ་གིས་བསུབས་ཡོདཔ་ལས་ སེམས་ཅན་རྟ་ཡང་མི་ཐལ་བས་ཟེར་ཨིནམ་ད་ ཕ་རི་ལ་དེ་ མགར་ས་རྫོང་ལས་ ཁ་ཡར་ལྟ་སྟེ་ དུས་ཡུན་ཆུ་ཚོད་༤ དེ་ཅིག་ ལམ་འགྱོ་དགོཔ་ཨིན་པས།
འཕྲལ་ཁམས་ཅིག་ཁར་ ལ་ཡ་ལས་ མགར་ས་ལུ་འོང་མི་ སྐྱེས་ལོ་༤༠ ལང་མི་ ཚེ་དབང་གིས་ སླབ་མིའི་ནང་ ན་ཧིང་ཚུན་ཚོད་ ལ་ཡ་ལུ་ ཁཝ་སྟུག་ཚད་ ཕིཊ་༡ ལས་བརྒལ་ཆགས་ནི་མེད་རུང་ དུས་ཅི་ཕིཊ་༣ ཆགས་པའི་ཁར་ ཁ་བ་བུ་ཡུག་ཟེར་ ཁཝ་དང་རླུང་འཚུབས་སྦྲགས་ཏེ་ རྐྱབ་མི་ལུ་བརྟེན་ ཁྱིམ་སྲུང་པ་སྦེ་ སྡོད་མི་ཚུ་ཡང་ ཕྱི་ཁར་ཐོན་མ་ཚུགསཔ་མ་ཚད་ ལ་ནོར་ཚུ་ལུ་ ཤི་རྐྱེན་བྱུང་དོ་བཟུམ་ཅིག་ཡོད་ཟེར་ཨིན་པས།
ལ་ཡཔ་མང་ཤོས་ཅིག་གིས་ སླབ་མིའི་ནང་ འདས་པའི་ལོ་༡༠ དེ་ཅིག་གི་ ནང་འཁོད་ལུ་ དེ་བཟུམ་མའི་ ཁཝ་རྐྱབ་ས་མ་མཐོང་ཟེར་ཨིནམ་ད་ མགར་ས་རྫོང་བདག་ བསོད་ནམས་འཇིགས་མེད་ཀྱིས་ཡང་ ཁོ་ རྫོང་བདག་སྦེ་ ལོ་༤ སྡོད་པའི་རིང་ལུ་ དུས་ཅི་བཟུམ་སྦེ་ ཁཝ་རྐྱབ་ས་མ་མཐོང་ཟེར་ སླབ་ཨིན་པས།
ལ་ཡའི་མི་སེར་ཚུ་ ལོ་ཨ་རྟག་ར་ སྤྱི་ཟླ་༡༡ པའི་ནང་ སྤུ་ན་ཁ་དང་ མགར་ས་རྫོང་ཁག་ ཁ་སྨད་ཀྱི་ ས་ཁོངས་ཚུ་ནང་ གནས་སྤོ་འོང་སྟེ་ སྒར་བཅགས་སྡོདཔ་ད་ ལོ་ངོ་༡ ལང་ཚུགས་པའི་ རྒྱགས་སྐལ་ཚུ་ མཁོ་སྒྲུབ་འབད་དེ་ སྤྱི་ཟླ་༢ པ་ལས་ ལོག་འགྱོ་ནི་ཡོདཔ་ཨིན་པས།
ལ་ཡཔ་ཚུ་གིས་ ས་དམའ་སར་ ཟླཝ་ལས་བཅད་དེ་ འཚོ་བའི་མཐུན་རྐྱེན་མཁོ་སྒྲུབ་འབད་བའི་སྐབས་ ས་གནས་ག་ལྷོད་སར་ གནས་སྐབས་ཀྱི་ སྒར་བཅགས་ཏེ་ སྡོད་པའི་རིང་ རྒན་རྒས་དང་ སློབ་ཕྲུག་ཨ་ལུ་ དེ་ལས་ ཚོང་པ་ཚུ་ཡང་ སྡོད་དོ་ཡོདཔ་ད་ ད་རེས་ མགར་ས་རྫོང་གི་ ཉེ་འདབས་ལུ་ སྒར་བཅགས་སྡོད་མི་ མི་གྲངས་༡,༠༠༠ དེ་ཅིག་ཡོད་མི་དེ་ནང་ སློབ་ཕྲུག་༨༠ དེ་ཅིག་ཡོད་མི་ཚུ་ སློབ་གྲྭ་ནང་ ལོག་འཛོམས་ནི་གི་ དུས་ཚོད་རན་ཡོདཔ་རུང་ ཁཝ་ལུ་བརྟེན་ ད་ལྟོ་ འགྱོ་མ་ཚུགས་པར་ལུས་ནུག།
ལ་ཡ་དེ་ མགར་ས་རྫོང་ལས་ ཉིནམ་༢ རྐང་སྟོང་འགྱོ་དགོ་པའི་ས་ཁར་ཡོདཔ་ཨིན་པའི་གནས་ཚུལ།

མགར་ས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment