གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལཱ་གཡོག་གི་གོ་སྐབས་ ཡོངས་འབྲེལ་ཐོག་ལས་ ཐོབ་ཚུགས་ནི།

༢༧/༠༢/༢༠༡༣   ༉ ལས་གཡོག་ལྷན་ཁག་གིས་ སྤྱི་ཟླ་༢ པའི་ཚེས་༢༥ ལུ་ སློབ་རིམ་༡༠ པ་དང་༡༢ པ མཐར་འཁྱོལ་མི་ཚུ་གི་དོན་ལུ་ ལམ་སྟོན་དཔེ་དེབ་ཅིག་ གསར་བཏོན་འབད་ཡོདཔ་མ་ཚད་ ད་ལས་ཕར་ ལཱ་གཡོག་གི་གོ་སྐབས་ཚུ་ གློག་རིག་ཡོངས་འབྲེལ་གྱི་ཐོག་ལས་ ལེན་བཏུབ་སྦེ་ བཟོ་ཡོདཔ་ཨིན་པས།


ལཱ་གཡོག་འཚོལ་མི་ཚུ་གིས་ ཧེ་མ་བཟུམ་སྦེ་ གཡོག་གི་གོ་སྐབས་ཀྱི་དོན་ལུ་ ལཱ་ཁག་སྦེ་ འཚོལ་འགྱོ་མ་དགོ་པར་ གློག་རིག་ཡོངས་འབྲེལ་ཐོག་ལས་ རང་གི་ངོ་སྤྲོད་ལག་ཁྱེར་ཨང་ཚུ་བཙུགས་ཏེ་ ཐོ་བཀོད་འབད་ཚར་བའི་ཤུལ་ལུ་ ལཱ་གཡོག་གི་གོ་སྐབས་ ག་ར་མཐོང་ཚུགསཔ་ཨིན་ཟེར་ཨིན་པས།
ལཱ་གཡོག་ལས་ཁུངས་ཀྱི་ གནས་སྡུད་འགོ་དཔོན་ ཨྱོན་བསྟན་འཛིན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ད་ལྟོའི་ལམ་ལུགས་དེ་ ཤེས་རིག་ལྷན་ཁག་དང་གཅིག་ཁར་ འབྲེལ་མཐུན་ཐོག་བཟོ་ཡོདཔ་བཞིན་དུ་ ན་གཞོན་ལཱ་གཡོག་འཚོལ་མི་ཚུ་གིས་ ཁོང་རའི་ ངོ་སྤྲོད་ལག་ཁྱེར་ཨང་དང་ ཡང་ཅིན་ ཆོས་རྒྱུགས་ངོ་རྟགས་ཨང་ བཙུགས་ཞིནམ་ལས་ ཉེ་བར་མཁོ་བའི་ བརྡ་དོན་ཚུ་ ག་ར་འཐོབ་ཚུགས་ཟེར་ཨིན་པས།
ལས་གཡོག་ལྷན་ཁག་གིས་ ཡོངས་འབྲེལ་གྱི་ཐོག་ལས་ གཡོག་དང་ གོ་སྐབས་གཞན་ཚུ་ ཐོབ་ཚུགསཔ་བཟོ་མི་དེ་ཡང་ ལཱ་གཡོག་འཚོལ་མི་ཚུ་ ཐོ་བཀོད་འབད་ནིའི་དོན་ལུ་ཨིན་ཟེར་ཨིན་པས།
རྒྱལ་ཁབ་ནང་ གཡོག་འཚོལ་མི་དང་ གཡོག་སྤྲོད་མི་ སྦྱོང་བརྡར་གྱི་གོ་སྐབས་ ལཱ་གཡོག་གི་གོ་སྐབས་ སློབ་སྟོན་འབད་ནིའི་གོ་སྐབས་ཡོད་ལུགས་ཚུ་ ཤེས་ཚུགས་ནིའི་དོན་ལུ་ ལས་གཡོག་ལྷན་ཁག་གིས་ལམ་ལུགས་དེ་ ན་ཧིང་ལས་འགོ་བཙུགས་ ཡོདཔ་ཨིན་པས།
ལཱ་གཡོག་འཚོལ་མི་ཚུ་ གློག་རིག་ཡོངས་འབྲེལ་ཐོག་ལས་ ཚར་གཅིག་ ཐོ་བཀོད་འབད་ཚར་ཞིནམ་ལས་ ཐོ་བཀོད་ཨང་གྲངས་གསརཔ་ཅིག་ བྱིན་ནི་ཨིནམ་ད་ གལ་སྲིད་ག་དེམ་ཅིག་སྦེ་ གཡོག་གི་གོ་སྐབས་བྱིན་ཏེ་ཡོད་མིའི་ནང་ ལཱ་གཡོག་འཚོལ་མི་གི་ ཉམས་མྱོང་དང་ རིག་རྩལ་ཚུ་ མཐུནམ་སྦེ་ཡོད་པ་ཅིན་ ལཱ་གཡོག་འཚོལ་མི་དང་ ལཱ་གཡོག་སྤྲོད་མི་གཉིས་ཆ་རང་ལུ་ དྲན་བསྐུལ་འབད་འོང་ཟེར་ཨིན་པས།
ལས་གཡོག་འགོ་དཔོན་ཚུ་གིས་ བཤད་མི་དང་འཁྲིལཝ་ད་ ཐོ་བཀོད་འབད་དེ་ གཡོག་འཚོལ་མི་ཚུ་ལུ་ གཡོག་ཡང་ ཉེན་སྲུང་དང་ལྡནམ་སྦེ་ འོང་ཟེར་ཨིན་པས།
ལཱ་གཡོག་བརྡ་དོན་ལམ་སྟོན་དཔེ་དེབ་ ཐེངས་༢ པ་ གསར་བཏོན་འབད་མིའི་ནང་ སློབ་སྦྱོང་འབད་ནིའི་གོ་སྐབས་དང་ སྦྱོང་བརྡར་གྱི་གོ་སྐབས་ དེ་ལས་ ལཱ་གཡོག་གི་གོ་སྐབས་ཚུ་གི་སྐོར་ལས་ ཁ་གསལ་སྦེ་ བཀོད་དེ་ཡོདཔ་ཨིན་པས།
ལམ་སྟོན་དཔེ་དེབ་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༢ ལུ་ སློབ་རིམ་༡༠ པ་མཐར་འཁྱོལ་ཏེ་ གཡོག་འཚོལ་མི་༡,༠༠༨ དང་ སློབ་རིམ་༡༢ པ་མཐར་འཁྱོལ་ཏེ་ གཡོག་འཚོལ་མི་༥,༥༤༦ འདུག་ཟེར་ཨིན་པས།
དེ་ལས་ སློབ་རིམ་༡༠ པ་མཐར་འཁྱོལ་མི་ཚུ་གི་དོན་ལུ་ སློབ་སྦྱོང་འབད་ནིའི་གོ་སྐབས་དང་ སྦྱོང་བརྡར་ དེ་ལས་ གཡོག་གི་གོ་སྐབས་ཡོངས་བསྡོམས་༡༨,༡༦༦ འདུག་ཟེར་ཨིནམ་ད་ དེ་བཟུམ་སྦེ་ སློབ་རིམ་༡༢ པ་མཐར་འཁྱོལ་མི་ཚུ་གི་དོན་ལུ་ གོ་སྐབས་ཡོངས་བསྡོམས་༩,༦༩༨ འདུག་ཟེར་ཨིན་པས།
ཨྱོན་བསྟན་འཛིན་གྱིས་འབད་བ་ཅིན་ ད་ལྟོའི་དཔེ་དེབ་ནང་ གཡོག་ག་ཅི་བཟུམ་ཡོདཔ་ཨིན་ན་ ཁ་གསལ་སྦེ་ བཀོད་དེ་མེདཔ་ལས་ ལཱ་གཡོག་འཚོལ་མི་ཚུ་གིས་ གློག་རིག་ཡོངས་འབྲེལ་ཐོག་ལས་ ཐོ་བཀོད་འབད་དེ་ ལྟ་བ་ཅིན་ ཁ་གསལ་སྦེ་ ཐོབ་ཚུགས་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

                                                                                        ཡེ་ཤེས་སྒྲོལ་མ།

No comments:

Post a Comment