![]() |
ན་གཞོན་ཚུ་ ཕུཊ་བཱོལ་སྦྱོང་བརྡར་འབད་བའི་བསྒང་། |
དེ་ཡང་ ཁ་ཙ་ ཐིམ་ཕུ་ལྕང་གླིང་མི་ཐང་གི་ རྩེད་ཐང་ནང་སྦེ་ ཨེ་ཤེ་ཡཱན་ཕུཊ་བཱོལ་གོང་འཕེལ་ཚོགས་སྡེའི་ཁྲི་འཛིན་ རྒྱལ་སྲས་ ཨ་ལི་བཱིན་ ཧཱ་སཱན་གྱིས་ ན་གཞོན་༣༠༠ ལྷགཔ་ཅིག་ལུ་ ཕུཊ་བཱོལ་གཞི་རྟེན་ལས་རིམ་ འགོ་འབྱེད་འབད་ཡོདཔ་མ་ཚད་ ལས་རིམ་དེ་ མཐར་འཁྱོལ་ཅན་སྦེ་འབྱུང་ཐབས་ལུ་ མ་དངུལ་རྒྱབ་སྐྱོར་ ཡུ་ཨེསི་ཌོ་ལར་༧༠,༠༠༠ བྱིན་ཡོདཔ་ཨིན།
གནས་ཚུལ་གྲོས་སྟོན་ལས་རིམ་ནང་ རྒྱལ་སྲས་ ཨ་ལི་བཱིན་ ཧཱ་སཱན་གྱིས་བཤད་མིའི་ནང་ ཨེ་ཤེ་ཡཱན་རྒྱལ་ཁབ་ཚུ་གི་གྲས་ལས་ འབྲུག་རྒྱལ་ཁབ་གདམ་ཁ་རྐྱབ་སྟེ་ ཕུཊ་བཱོལ་གཞི་རྟེན་ལས་རིམ་ འགོ་འབྱེད་འབད་དགོ་མི་དེ་ ད་རེས་ནངས་པ་ གོང་འཕེལ་འགྱོ་བའི་བསྒང་ཡོད་པའི་ རྒྱལ་ཁབ་ཅིག་འབདཝ་ལས་ མ་འོངས་པའི་དོན་ལུ་ ན་གཞོན་ཚུ་ལུ་ ལམ་སྟོན་དང་སློབ་སྟོན་ དེ་ལས་ སྦྱོང་བརྡར་བྱིན་དགོཔ་དེ་ གལ་ཆེཝ་སྦེ་ མཐོང་ནི་འདི་གིས་ ཨིན་ཟེར་ཨིན་པས།
ཐིམ་ཕུ་ནང་འཁོད་ལས་ ན་གཞོན་༣༠༠ ལྷགཔ་ཅིག་གིས་ འགོ་འབྱེད་ལས་རིམ་ནང་ བཅའ་མར་གཏོགས་པའི་ཁར་ བརྩོན་འགྲུས་བསྐྱེད་དེ་ ཕུཊ་བཱོལ་སྦྱོང་བརྡར་འབད་ས་ལུ་བལྟ་སྟེ་ ངལ་རངས་ཡོདཔ་མ་ཚད་ མ་འོངས་པའི་ནང་ ན་གཞོན་བུཚ་དང་བུམོ་ཚུ་གིས་ ཨེ་ཤེ་ཡཱན་རྒྱལ་ཁབ་ནང་འཁོད་ལུ་ འབྲེལ་གཏོགས་འབད་ཚུགས་པའི་ཁར་ རྒྱལ་སྤྱི་རྩེད་འགྲན་ནང་ཡང་ བཅའ་མར་གཏོགས་ཚུགས་པའི་ འོས་འབབ་སྦོམ་འདུག་ཟེར་ བཤད་ཅི།
འབྲུག་ཕུཊ་བཱོལ་ཚོགས་སྡེའི་ཁྲི་འཛིན་ ཨྱོན་ཚེ་ཁྱབ་རྡོ་རྗེ་གིས་ ཧེ་མ་དང་ ད་རེས་ནངས་པའི་ ན་གཞོན་བུམོ་ཚུ་གིས་ ཕུཊ་བཱོལ་རྩེད་འགྲན་འབད་མི་དེ་ མི་འདྲ་ཟེར་སླབ་མི་དེ་ཡང་ ད་རེས་ནངས་པའི་བུམོ་ཚུ་གི་བརྒྱུད་ལུ་ ཕུཊ་བཱོལ་རྩེད་འགྲན་འབད་ནིའི་ རིག་རྩལ་དང་ མཁས་རིག་ ཡོན་ཏན་ ཉམས་མྱོང་ དེ་ལས་ ཁྱད་ཆོས་གཞན་ཚུ་ ལེ་ཤ་ཅིག་ར་ གོང་འཕེལ་སོང་ཡོདཔ་ལས་ གཞན་རྒྱལ་ཁབ་ཚུ་དང་གཅིག་ཁར་ཡང་ དོ་འགྲན་འབད་ཚུགས་པའི་ འོས་འབབ་ཡོད་ནི་དེ་གིས་ཨིན་ཟེར་ཨིན་པས།
ན་གཞོན་ཚུ་གིས་ ཕུཊ་བཱོལ་ལས་རིམ་ནང་ འབྲེལ་གཏོགས་འབད་བའི་སྐབས་ འབྲུག་གཞུང་དང་ ལས་འཛིན་ ལས་སྡེ་ གཞུང་མིན་ལས་སྡེ་ དེ་ལས་ སྒེར་སྡེ་ཚུ་གིས་ རྒྱབ་སྐྱོར་འབད་དགོཔ་གལ་ཆེ་བའི་ཁར་ ན་གཞོན་ཚུ་གིས་འབད་རུང་ ཕུཊ་བཱོལ་ནང་ བརྩོན་ཤུགས་བསྐྱེད་དེ་ སྦྱོང་བརྡར་འབད་དགོཔ་གལ་ཆེ་ཟེར་ རྒྱལ་སྲས་ཀྱིས་ སླབ་ཨིན་པས།
འབྲུག་ཕུཊ་བཱོལ་ཚོགས་སྡེའི་ཡོངས་ཁྱབ་དྲུང་ཆེན་ ཨྱོན་དབང་ཕྱུག་གིས་འབད་བ་ཅིན་ ཨེ་ཤེ་ཡཱན་ཕུཊ་བཱོལ་གོང་འཕེལ་ཚོགས་སྡེའི་ཁྲི་འཛིན་གྱིས་ གནང་མི་མ་དངུལ་ ཡུ་ཨེསི་ཌོ་ལར་༧༠,༠༠༠ དེ་ སློབ་གྲྭ་༡༠༠ གི་ ན་གཞོན་སློབ་ཕྲུག་ཚུ་ལུ་ སློབ་སྦྱོང་འབད་ནིའི་ནང་ ཟད་འགྲོ་གཏང་ནི་ཟེར་ཨིན་པས།
ཕུཊ་བཱོལ་གཞི་རྟེན་ལས་རིམ་འགོ་འབྱེད་འབད་བའི་སྐབས་ མི་དབང་རྒྱལ་སྲས་འཇིགས་རྒྱལ་ཨྱོན་དབང་ཕྱུག་མཆོག་གིས་ཡང་ འབྲེལ་གཏོགས་མཛད་གནང་ཡོདཔ་ཨིན་པའི་གནས་ཚུལ།
བཀྲིས་ཕུན་ཚོགས།
No comments:
Post a Comment