གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བློན་ཆེན་མཆོག་གིས་ ཞི་གཡོགཔ་ཚུ་ལུ་ བཀའ་དྲིན་དགའ་ཚོར།

༡༩/༢/༢༠༡༣   ༉ ཁ་ཙ་ ཐིམ་ཕུ་ལུ་ ཞི་གཡོགཔ་༡,༠༠༠ ལྷགཔ་ཅིག་ལུ་ གནས་ཡུན་ཚང་རན་མི་ གཞུང་སྐྱོང་ཚོགས་པའི་དབུ་ཁྲིད་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་གཙོས་པའི་ བློན་པོའི་ལྷན་རྒྱས་ཚུ་གིས་ ལོ་༥ འི་ གཞུང་སྐྱོང་གནས་ཡུན་སྐབས་ གྲུབ་འབྲས་ལེགས་ཐོན་བྱུང་ཚུགས་མི་དེ་ ཞི་གཡོགཔ་ཚུ་གི་ མཉམ་འབྲེལ་ལུ་བརྟེན་ ཨིན་ཟེར་གསུངས་ཡི།


བློན་པོ་ཡེ་ཤེས་སྦྱིན་པ་གིས་ གསུངས་མིའི་ནང་ གཞུང་ཟེར་རུང་ ཞི་གཡོགཔ་དང་ བཙག་འཐུ་ཅན་གྱི་བློན་པོའི་ལྷན་རྒྱས་ཚུ་ཨིནམ་ལས་ ད་ཚུན་ གོང་འཕེལ་གྱི་ལཱ་ཚུ་ མཐར་འཁྱོལ་བྱུང་ཚུགས་མི་དེ་ ཞི་གཡོགཔ་ཚུ་གི་ བཀའ་དྲིན་ཨིནམ་ལས་ གཞུང་དགོངས་ཞུ་ མ་འབད་བའི་ཧེ་མར་ ཞི་གཡོགཔ་ཚུ་ལུ་ བཀའ་དྲིན་དགའ་ཚོར་ ཞུཝ་ཨིན་ཟེར་ཨིན་པས།
བློན་ཆེན་མཆོག་གིས་ དམངས་གཙོའི་རིང་ལུགས་ནང་ གོང་འཕེལ་གྱི་ལས་རིམ་ཚུ་ གྲུབ་འབྲས་ལེགས་ཤོམ་བྱུང་སྟེ་འབད་བ་ཅིན་ ལེགས་བསྟོད་དང་ བསྔགས་བརྗོད་ཀྱི་མིང་གཏམ་ཚུ་ གཞུང་སྐྱོང་ལུ་ཐོབ་ཨིན་རུང་ ཞི་གཡོགཔ་ཚུ་མེད་པ་ཅིན་ གྲུབ་འབྲས་དེ་བཟུམ་ བྱུང་མི་ཚུགས་ཟེར་གསུངས་ཡི།
བློན་ཆེན་མཆོག་གིས་འབད་བ་ཅིན་ གཞུང་སྐྱོང་དབུ་ཁྲིད་ཀྱིས་ སྲིད་བྱུས་ཚུ་བརྩམ་ནི་དང་ ལམ་སྟོན་འབད་ནི་ བཀའ་རྒྱ་གནང་ཐོག་ལས་ འགོ་ཁྲིད་འབད་ནི་དེ་ཨིན་རུང་ ཞི་གཡོགཔ་ཚུ་གིས་ སྲིད་བྱུས་དང་ ལམ་སྟོན་ཚུ་ དང་བླངས་ཐོག་ ལཱ་འགན་འབག་སྟེ་ ཕྱག་ལཱ་མ་མཛད་པ་ཅིན་ དོན་དག་མི་འགྲུབ་ནི་ཨིནམ་ལས་ ད་རེས་ གཞུང་གི་གནས་ཡུན་ནང་ ཞི་གཡོགཔ་ཚུ་གིས་ རང་སོའི་ལཱ་འགན་ཧྲིལ་བུམ་འབག་སྟེ་ གྲུབ་འབྲས་ལེགས་ཤོམ་ཐོན་མི་དེ་ལུ་ ཆེ་བསྟོད་ཕུལཝ་དང་འབྲེལ་ བཀའ་དྲིན་ཆེ་ཟེར་གསུངས་ཡི།
བློན་ཆེན་གྱིས་ གསུངས་མིའི་ནང་ སྤྱི་ལོ་༢༠༠༨ ལུ་ དམངས་གཙོའི་རིང་ལུགས་ཀྱི་ གཞུང་སྐྱོང་དབུ་བརྙེས་པའི་སྐབས་ལུ་ གཞུང་སྐྱོང་བློན་པོའི་ ལྷན་རྒྱས་ཀྱིས་ ཞི་གཡོགཔ་ཚུ་དང་ཕྱད་དེ་ མཉམ་འབྲེལ་དང་རྒྱབ་སྐྱོར་ གནང་དགོ་པའི་ཞུ་བ་འབད་ཡི་ཟེར་ཨིན་པས།
འཆར་གཞི་༡༠ པའི་ ལཱ་དང་ལས་རིམ་ཚུ་གི་ གྲུབ་འབྲས་ཚུ་ ཧ་ལམ་ བརྒྱ་ཆ་༩༩ དེ་ཅིག་ མཐར་འཁྱོལ་བྱུང་ཡོདཔ་མ་ཚད་ དབུལ་ཕོངས་ཀྱི་དཀའ་ངལ་དང་ ལཱ་གཡོག་མ་ཐོབ་པའི་དཀའ་ངལ་ཚུ་ རྒྱ་ཆེ་དྲགས་སྦེ་ མར་ཕབ་བཏང་པའི་གུ་ རྒྱལ་ཁབ་ཀྱི་གནས་སྟངས་ སྒྲིང་སྒྲིང་བཟོ་ཚུགས་མི་དེ་ ཞི་གཡོགཔ་ཚུ་གི་ རྒྱབ་སྐྱོར་ཐོག་ ཕྱག་ལཱ་སྦོམ་སྦེ་ར་ གནང་ནི་དེ་གིས་ཨིནམ་ལས་ ངལ་རངས་དང་ ཡིད་ཆེས་བྱུང་ཡི་ཟེར་གསུངས་ཡི།
དེ་མ་ཚད་ དགོངས་ཞུ་སོང་མི་ དབུ་ཁྲིད་ཅིག་གི་ བསླབ་བྱ་དང་ དྲན་བསྐུལ་བཟུམ་ཅིག་སྦེ་ བློན་ཆེན་གྱིས་ གསུངས་མིའི་ནང་ འབྲུག་གིས་ གོང་འཕེལ་ཅན་གྱི་ རྒྱལ་ཁབ་ཚུ་ལུ་ལྟ་སྟེ་ གོང་འཕེལ་གྱི་ ལས་རིམ་ཚུ་ འགོ་འདྲེན་འཐབ་པ་ཅིན་ མ་འོངས་པ་ལུ་ རྒྱུ་སྟོབས་ལྡན་རུང་ དཀའ་ངལ་ཅན་གྱི་ རྒྱལ་ཁབ་ལུ་འགྱུར་ནི་གི་ ཉེན་ཁ་ཡོད་ཟེར་ཨིན་པས།
དེ་འབདཝ་ལས་ འབྲུག་གིས་ གོང་འཕེལ་གྱི་སྲིད་བྱུས་དང་ ལྟ་བའི་ལམ་ཕྱོགས་ གཞན་དང་མ་འདྲཝ་ཅིག་ ལག་ལེན་འཐབ་དགོཔ་དེ་ གལ་ཆེཝ་སྦེ་ མཐོངམ་མས་ཟེར་བའི་ བསམ་འཆར་གསུངས་གནངམ་མ་ཚད་ ཕྱིའི་རྒྱུ་སྟོབས་ཅན་གྱི་རྒྱལ་ཁབ་ཚུ་ནང་ སེམས་ཁམས་ནད་གཞི་དང་འབྲེལ་བའི་ དཀའ་ངལ་ཚབས་ཆེན་ཡོད་པའི་ གནད་དོན་ཚུ་ཡང་ གསལ་བཀོད་གནང་ཡི།
དེ་ལས་ གཞུང་སྐྱོང་གི་གནས་ཡུན་ཚང་སྟེ་ དགོངས་ཞུ་སོང་བའི་ཤུལ་ལུ་ ཟླཝ་༣ དེ་ཅིག་ གནས་སྐབས་ཀྱི་ གཞུང་སྐྱོང་འབད་བའི་སྐབས་ལུ་ཡང་ ཞི་གཡོགཔ་ཚུ་གིས་ འགན་འཁྲི་ཚུ་ ཅོག་འཐདཔ་སྦེ་འབག་སྟེ་ འཆར་གཞི་ལས་རིམ་ལྷག་ལུས་ཚུ་ཡང་ དུས་ཚོད་ཁར་ མཇུག་བསྡུ་ཚུགསཔ་སྦེ་ འབད་དགོ་པའི་རེ་བསྐུལ་གསུངས་གནངམ་མ་ཚད་ མ་འོངས་གཞུང་སྐྱོང་གསརཔ་ག་འོང་རུང་ རྒྱབ་སྐྱོར་འཕྲོ་མཐུད་འབད་བའི་ རེ་བ་ཡོད་ཟེར་ ཞི་གཡོགཔ་ཚུ་ལུ་གསུངས་ཡི།
དེ་ལས་ སྲིད་ཚོགས་ཀྱི་འདེམས་ངོ་ཚུ་གི་ བསྐུལ་བསྒྲགས་དང་ འཆར་གཞི་ཟིན་བྲིས་ཚུ་ སྔ་གོང་ལས་ བཀོད་མིའི་ནང་ དོགས་པ་ཡོད་མིའི་ཐད་ལུ་ བློན་ཆེན་མཆོག་གིས་ དོགས་སེལ་གནང་མིའི་ནང་ གཞུང་རྙིངམ་ དགོངས་ཞུ་འབདཝ་ད་ འཆར་གཞི་༡༡ པའི་ཟིན་བྲིས་བཀོད་དེ་ གཞུང་གསརཔ་གིས་ ལག་ལེན་འཐབ་ཆོག་ཆོ་ བཟོ་བཞགཔ་ཨིན་རུང་ འཆར་གཞི་ཟིན་བྲིས་ ཆ་འཇོག་གནང་ནི་དེ་ གཞུང་གསརཔ་གི་ཕྱག་ལུ་ ཨིན་ཟེར་གསུངས་ཡི།
དེ་མ་ཚད་ གཞུང་རྙིངམ་གིས་བཟོ་མི་ འཆར་གཞི་ཟིན་བྲིས་དེ་ གཞུང་གསརཔ་གི་ ཐུགས་ཁར་མ་འབབ་འདྲཝ་ཅིག་འབད་བ་ཅིན་  བསྒྱུར་བཅོས་འབད་དེ་ འཆར་གཞི་ལས་རིམ་གསརཔ་ སོ་སོ་སྦེ་ར་ བཟོ་ནི་ཟེར་རུང་ གཞུང་གསརཔ་གི་ཕྱག་ལུ་ཨིན་རུང་ འཆར་གཞི་ཟིན་བྲིས་དེ་ལུ་ ཆ་འཇོག་འབད་དེ་འབད་བ་ཅིན་ དུས་ཚོད་མ་འགོར་བར་ དེ་འཕྲོ་ལས་ ལག་ལེན་འཐབ་ཚུགས་པའི་ ཁེ་ཕན་ཡོད་ཟེར་ གསུངས་ཡོད་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment